23
Tue, Apr

རྩོམ་པ་པོ་རྡོ་རྗེ་ཚེ་རིང་ལགས་དང༌ཁོང་གིས་བརྩམས་པའི་དེབ་གསར་གསུམ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

འདི་གསར་ཁང་དུ་གནས་ཚུལ་འབྱོར་དོན། རྒྱ་གར་བྱང་ཕྱོགད་ངྷ་རམ་ས་ལར་རྩོམ་པ་པོ་སྐྲན་ལགས་ཀྱིས་བརྩམས་པའི་དེབ་གསར་གསུམ་དྲ་ཐོག་དབུ་འབྱེད་གནང་སོང༌།

དེ་ཡང༌། སྐྲན་གྱི་དེབ་གསར་མཚམས་སྦྱོར། རྩོམ་པ་པོ་ཁོང་གི་དངོས་མིང་ལ་རྡོ་རྗེ་ཚེ་རིང་དང༌། མིང་གཞན། ཐོར་རྒོད་པ་སྤྱན་ཆབ། སྐྲན། ཚངས་སྲས་བཞད་པའི་རྡོ་རྗེ་སོགས་འབོད།
དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པར་བོད་དུ་སྐྱེས་ཏེ་ཆུང་དུས་ནས་སློབ་གྲྭར་འགྲོ་བའི་གོ་སྐབས་ཐོབ། གཙོ་ཆེར་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་བོད་ཀྱི་རིག་གནས་ཆེ་ཆུང་ལ་བག་ཆགས་བཞག

ཕྱི་ལོ་ ༢༠༠༣ ལོ་ནས་རྩོམ་འབྲིའི་ལས་ལ་ཞུགས་ཏེ་གཞུང་སྒེར་གྱི་ཚགས་པར་དང་དུས་དེབ་ཁག་ཏུ་རྩོམ་ཡིག་སྤེལ་ཏེ་རྩོམ་ཡོན་གང་མང་ཐོབ་མྱོང༌། ཕྱི་ལོ་ ༢༠༠༧ ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། ཕྱི་ལོ་ ༢༠༠༩ ལོར་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མིར་ཞུགས་ཏེ་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་རྩོམ་ཡིག་གང་མང་སྤེལ་བར་མ་ཟད། ཕྱི་ལོ་ ༢༠༡༠ ནས་ ༢༠༡༤ བར་སྐབས་གཉིས་ཀྱི་རྒྱུན་ལས་ཀྱི་ལས་འགན་བཞེས་ཐོག གསར་འགོད་པ་དང་གསར་ཤོག་<< སྤྱི་ཚོགས་མེ་ལོང་>>གི་རྩོམ་སྒྲིག་པ་དང་དྲ་རྒྱ་དོ་དམ་པ་སོགས་ཀྱི་ལས་ཀ་བྱས།

གཞན་ཡང༌། ༧གོང་ས་སྐུ་ཕྲེང་རིམ་བྱོན་གྱི་<<མཛད་རྣམ་དེབ་ཐེར་ནོར་བུའི་ཕྲེང་བ་>> ལས་པོད་བརྒྱད་དང༌། <<ལྕགས་སྒྲོག་འོག་གི་གསེར་སྙུག་>> <<དཀར་མཛེས་རྫོང་དུ་ཞི་རྒོལ།>> <<དབུ་མའི་ལམ་གྱི་རྩོམ་ཡིག་ཕྱོགས་བསྒྲིགས།>> <<དབུ་མའི་ལམ་གྱི་བཀའ་སློབ་དང་གསུང་བཤད།>>སོགས་དེབ་དང་དུས་དེབ། ཚགས་པར་སོགས་མི་ཉུང་བ་ཞིག་རྩོམ་བསྒྲིགས་བྱེད་མྱོང༌།

ད་ལན་ཁོང་གིས་བརྩམས་ཆོས་ལྷུག་རྩོམ་དེབ་ <<ཕྱིང་དཀར་>> དང༌། སྙན་ངག་དེབ་ <<ས་སྲུང༌།>> གཞས་ཚིག་དེབ་<<འཇམ་མཉེན་>>བཅས་དེབ་གསུམ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་པར་བསྐྲུན་བྱས་ཡོད།

དེབ་དང་པོ། ལྷུག་རྩོམ་གྱི་དེབ་ <<ཕྱིང་དཀར་>> ལ་<གངས་རི་> དང༌། <གདུང་འབོད།> <རེ་བཞག་> དང་ <མཛའ་བ།> བཅས་སྤྱིའི་སྡེ་ཚན་བཞི་རུ་ཕྱེ་ཡོད་ཅིང༌། རྩོམ་ཡིག་བཞི་བཅུས་གྲུབ་པ་ཞིག་ཡིན་པ་དང༌། རྩོམ་རིག་ལ་མྱོང་བ་ཟབ་ཅིང་བོད་བཙན་བྱོལ་ཁྲོད་གྲགས་པ་ཆེ་བའི་བོད་མི་མང་སྤྱི་ཟུར་དགེ་རྒན་ཆབ་བྲག་ཕོ་ཉའམ་ལྷ་མོ་སྐྱབས་ལགས་ཀྱིས། "ང་ཁྱོད་ཀྱི་ཀློག་པ་པོ་ཉེ་ཤོས་ཤིག་ཡིན་པས། སྐྲན་ལགས། ཁྱོད་ཀྱི་རང་གཤིས་དང་ཤ་ཁ་དྭངས་པ་བཞིན་ངས་ཁྱོད་ཀྱི་རྩོམ་གཤིས་དྭངས་མོ་མཐོང༌། ཁྱོད་ཀྱི་རྣམ་དཔྱོད་དང་མིག་ཟུང་བཀྲ་བ་བཞིན་ངས་ཁྱོད་ཀྱི་སྒྱུ་རྩལ་གྱི་བཀྲག་མདངས་མཐོང༌།" ཞེས་དང༌། "ཁྱོད་ཀྱིས་ཐོག་མར་སྡོམ་ཚིག་ཅིག་བཀོད་པ་ལྟར། བསམ་པ་རྣམ་དག་དང་བློ་ཐག་རྦད་ཆོད་ཀྱིས་མི་རིགས་འདིའི་ཆེད་དུ་རང་ཉིད་རྩོམ་ཡིག་ཏུ་སྤྲུལ་ཏེ། དྲང་བདེན་གྱི་རྒྱ་ཁར་བཞག་འདུག་པ་ནི་དེབ་འདིའི་ལྗིད་ཚད་རེད་འདུག་ལ། ཁྱོད་རང་ཉིད་ཀྱི་ལྗིད་ཚད་ཀྱང་རེད། ངོ་མ་ལྕི་མོ་འདུག ཇེ་ལྕི་ཇེ་ལྕི་རུ་འགྲོ་བར་སྨོན་"ཞེས་དང༌། ཡང་རྩོམ་པ་པོ་ཁོ་རང་གིས་དེབ་འདིའི་རྒྱབ་ཤོག་ཏུ་ "ཕྱིང་དཀར། སྤྱི་ལ་བཏིང་བ་ལས་སྒེར་གྱི་ངོ་སོ་སྲུང་ཆེད་མིན། འདི་ནི་དྲང་བདེན་གྱི་རྒྱ་ཁར་བཞག་པའི་ཕྱིང་དཀར་གྱི་ལྗིད་ཚད་ཀྱང་ཡིན་" ཞེས་ཆེད་བརྗོད་གནང་འདུག

དེབ་གཉིས་པ། སྙན་ངག་གི་དེབ་<<ས་སྲུང་>> ལ་<དར་དཀར་མདུད་པ་> དང་ <མཚོ་མོར་གཡེང་ཚུལ།> <སེམས་དཔའ།> <རྨི་ལམ་དང་ལོ་མ།> <མི་ཐེགས་པའི་ལེའུ་> བཅས་སྡེ་ཚན་ལྔ་རུ་ཕྱེ་ཡོད་ཅིང༌། ཁྱོན་རྩོམ་ཡིག་རིང་ཐུང་བརྒྱད་ཅུས་གྲུབ་པ་ཞིག་ཡིན། རྩོམ་རིག་ལ་དུང་བ་ཆེ་བའི་རྩོམ་པ་པོ་དང་པེན་མཐུན་ཚོགས་ཀྱི་རྒྱུན་ལས་གངས་དཀར་རྒྱལ་སྲས་ལགས་ཀྱིས། "སྤྱིར་བཏང་ཁོའི་སྙན་ངག་དག་གོ་དཀའ་བའི་དེང་རབས་ཀྱི་འབྲི་སྲོལ་ལ་གཏོགས་པས་ཤར་མར་ཀློག་མཁན་ཞིག་ལ་ཅི་ཡང་རག་ཁག་པ་འདྲ་" ཞེས་དང༌། "ཁོ་པ་ནི་ནམ་ཡང་དྲང་བདེན་གྱི་རྒྱབ་རྩར་ལངས་ཤིང་འདང་བརྩེ་དང་རང་གཤིས་བརྟན་པའི་མི་ཞིག་ཡིན་པས་ཁོའི་སྙན་ངག་དག་ཀྱང་སྤྱི་ཚོགས་དང་ཁོར་ཡུག་གི་ཡ་ཡོའི་རྒྱུ་དང་རྐྱེན་ལ་བརྟེན་ནས་ཤར་མར་བཞུར་བ་མ་གཏོགས། རྡོ་ཆག་བཙན་སྒྲིག་ལྟ་བུའི་ཚོར་བ་མེད་པའི་ཚིག་གི་ཚོགས་པ་ཞིག་མིན་"ཞེས་དང༌། བརྩམ་ཆོས་འདི་དག་གི་མཇུག་བྱང་དུ། "ཆེ་བ་མི་རིགས་དང་སྤྱི་ཚོགས་ལ་བསམས་ཤིང༌། ཆུང་བ་ཚོགས་པ་དང་སྒེར་བ་ཡལ་བར་དོར་བའི་བདེ་སྡུག་བཏང་སྙོམས་ཀྱི་ཚོར་འདུ་རེ་རེ་མ་བཅོས་ལྷུག་པར་བཀོད་པའོ།། མདོར་ན། སེམས་ན་ཀུན་སློང་གཉིས། ཁ་ན་ལྕེ་གཉིས། ལུས་ན་མགོ་གཉིས་གཞར་ཡང་མི་འདོད་ལ་གཟོད་ཀྱང་མི་སྲིད་"ཅེས་དང༌། ཡང་ <<ས་སྲུང་>> བཀླགས་པའི་མྱོང་ཚོར་དུ་ "ཚོར་རྟོག་གི་བྱ་ཁྱུ་ཞིག་གནམ་ལ་བརྡལ་འདུག སྙན་དངགས་ཀྱི་རྟ་ཁྱུ་ཞིག་རི་ལ་བརྡལ་འདུག རྡོ་རྗེ་ཚེ་རིང་ཟེར་བ་ཞིག་ཚིག་གིས་བརྡལ་འདུག"ཅེས་བཀོད་དེ་དེབ་འདིའི་སྤྱི་ཁོག་བསྟན་ཡོད་འདུག

དེབ་གསུམ་པ། གཞས་ཚིག་གི་དེབ་<<འཇམ་མཉེན་>> ལ་<རྨི་ལམ་དཀྲོལ་བ་> དང་ <ཕ་ཡུལ་གྱེར་བ་> <སྨྲེང་བ་འགུགས་པ་> བཅས་སྡེ་ཚན་ གསུམ་དུ་ཕྱེ་ཡོད་ཅིང༌། བོད་ཕྱི་ནང་གི་གཞས་པ་དང་གཞས་མ་སྐོར་ཞིག་གིས་བཏང་ཟིན་པ་དང༌། གཏང་འགྱུར་བཅས་ཁྱོན་གཞས་ཚིག་བཞི་བཅུ་ལྷག་གི་གྲུབ་པ་ཞིག་ཡིན་པ་དང༌། དེབ་ཀྱི་རྒྱབ་ཤོག་སྟེང་རྩོམ་པ་པོ་ཧོར་ཞི་བདེ་རྒྱ་མཚོ་ལགས་ཀྱིས། "ངུ་སྐད་མཐོ་རུ་སོང་བ་སྙན་ངག་གོ།། ན་ཟུག་ཟབ་ཏུ་སོང་བའང་སྙན་ངག་གོ།། གཞས་ཏེ་དགའ་བས་བླངས་པ་མ་ཡིན་ཏེ།། བྲོ་དེའང་སྤྲོ་བས་འཁྲབ་པ་མ་ཡིན་ནོ།།" ཞེས་དང༌། ཆེད་བརྗོད་དུ་རྩོམ་པ་པོས་ "རྩོམ་རིག་སྒྱུ་རྩལ་ནི་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ཀྱིས་འཚོ་བ་རོལ་སྟངས་དང༌། ཡིད་དུ་འོང་བའི་དགའ་སྐྱོ་ཆགས་སྡང་གི་རྣམ་འགྱུར་མངོན་སྟངས་ལས་བྱུང་བ་ཤ་སྟག་ཡིན་པ་བཞིན། རང་གི་དཀའ་སྡུག་དང་ངལ་རྩོལ་གྱིས་གྲུབ་པའི་<<འཇམ་མཉེན་>>བྱ་བའི་གཞས་ཚིག་གཅེས་བཏུས་ཀྱི་དེབ་ཆུང་འདིའང༌། མངར་སྐྱུར་ཁ་གསུམ་གྱི་བྲོ་བ་ཅི་རིགས་དང་བཅས་རྒྱ་ཆེའི་སྤྱི་ཚོགས་ཀྱི་བཀུར་འོས་ཀློག་པ་པོ་དང་གླུ་གཞས་སྒྱུ་རྩལ་ལ་དོ་སྣང་ཡོད་མཁན་ཚོར་ལེགས་སྐྱེས་ཀྱི་ཚུལ་དུ་ཕུལ་ཡོད་" ཅེས་དང༌། ཡང༌། མཇུག་བྱང་དུ་དེབ་ཆུང་གསུམ་པོ་འདི་" མི་ཡུལ་དུ་ཕུལ་བ་འདིས་ཀྱང་མ་འོངས་བོད་ཀྱི་སོན་རྩའི་ཚོགས་ལ་བོད་སྐད་གཙང་མ་སྨྲ་བ་དང༌། བོད་ཡིག་གིས་ཀྱང་མི་དང་མིའི་ནང་སེམས་མཚོན་ཞིང་རྣམ་པ་ཕུན་སུམ་ཚོགས་པའི་རྩོམ་ལུས་སྣ་ཚོགས་ཤིག་བྲི་ཆོག་པའི་བག་ཆགས་ཅུང་ཟད་འཇོག་ཨེ་ཐུབ་པར་སྨོན་ཞིང༌། བོད་ཀྱི་སྒྱུ་རྩལ་རྩོམ་རིག་འཕེལ་རྒྱས་ལ་ཕྱར་བ་གྲུ་འདེགས་ཀྱི་དགེ་མཚན་གང་མཆིས་དགེ་རྒན་བཀའ་དྲིན་ཅན་དག་དང་དྲིན་ཆེན་ཕ་མ་གཉིས་ཀྱི་ཆེད་དུ་བསྔོའོ་" ཞེས་གསལ་པོར་བཀོད་འདུག་པ་སོགས་ཀྱིས་རྩོམ་དེབ་འདི་དག་གི་བརྗོད་བྱ་དང་དགོས་པ། ཉིང་དགོས། བརྗོད་བྱ་རྗོད་བྱེད་ཕན་ཚུན་འབྲེལ་བའི་ཚུལ་དང༌། ད་དུང་དེབ་ཀྱི་ཁ་བྱང་དག་ལའང་གནའ་དེང་གི་ཁྱད་ཆོས་འབུར་ཐོན་རེ་འདུག་པ་བཅས་ཀྱིས་རྩོམ་པ་པོ་ཁོང་གི་བསམ་བློའི་ཟབ་ཚད་དང༌། བསམ་བློའི་འཁྱེར་སོ། བློ་ཁ་དགའ་ཕྱོགས་སོགས་མ་བཅོས་གསལ་པོར་མངོན་འདུག་པ་བཅས།

བོད་རབ་གནས་ས་ཁྱི། ཆུ་སྟོད་ཟླ་བ། ཕྱི་ལོ་ ༢༠༡༨ ཟླ་ ༠༨ ཚེས་ ༠༨ རྒྱལ་ཀུན་སྙིང་རྗེའི་གཏེར་ཆེན་གསུམ་ལྡན་ངུར་སྨྲིག་འཛིན་པའི་རྣམ་རོལ་ཡོངས་རྫོགས་བསྟན་པའི་མངའ་བདག ༧གོང་ས་༧རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུའི་བླ་གཟའ་དང༌། རྩོམ་པ་པོ་ཁོ་རང་སྐྱེས་ཚེས་ངོ་མའི་ཉིན་སྤྱི་ཚོགས་ཁྲོད་པར་འགྲེམས་བྱས་པར་མི་ཡུལ་ལ་ཡོང་བའི་བྱས་རྗེས་ཤིག་ཏུ་མཐོང་སྟེ་རྗེས་སུ་ཡི་རང་དང་སླད་དུ་ཡང་བོད་མི་རིགས་རིག་གཞུང་དང་བཅས་པའི་ཆེད་བརྩོན་པ་རྒྱུན་འཁྱོངས་ཡོང་རེ་བཅས།

གུས་པ་རྩོམ་གྲོགས་ཁྲོ་གཏུམ་མམ་གསར་འགོད་པ་བེའུ་རྫི་རྡ་རྡ་ཡིས་ཕྱི་ལོ་ ༢༠༡༨ ཟླ་ ༠༨ ཚེས་ ༠༨ ཉིན་སྤེལ།