19
Fri, Apr

༢༠༡༨ལོའི་ཟླ་༨ཚེས་༡ཉིན་བཞུགས་སྒར་དུ་བོད་ཀྱི་དཔལ་ནོར་ཚོང་གཉེར་ཁང་གི་སྐུ་མགྲོན་དང་ཚོགས་མི་བཅས། དབྱངས་ཅན་སྒྲོལ་མས་པར་བླངས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༨ཚེས་༡ཉིན་བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་གསོལ་མགྲོན་ཁང་དུ༼དཔལ་ནོར་ཚོང་གཉེར་ཁང་༽ཞེས་པའི་ཚོང་གཉེར་ཁང་གསར་བ་ཞིག་གཞོན་སྐྱེས་ཁག་ཅིེག་གིས་དབུ་འབྱེད་གནང་སོང་། དབུ་འབྱེད་མཛད་སྒོ་ཐོག་ཏུ་སྐུ་མགྲོན་གཙོ་བོ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་བདེ་ཆེན་རྣམ་རྒྱལ་ལགས་ཕེབས་ཡོད་པ་དང་གཞན་མི་མང་དང་གསར་འགོད་པ་ཁག་ཅིག་ཕེབས་འདུག

ཚོང་གཉེར་ཁང་འདི་ནི་མཐོ་སློབ་འགྲིམས་བཞིན་པའི་སློབ་མ་དང་གཞོན་སྐྱེས་ཁག་ཅིག་གིས་ལོ་གཅིག་སྔོན་ནས་གྲ་སྒྲིག་བྱས་ཏེ་བཙུགས་པ་ཞིག་ཡིན་པ་དང་། ཁོང་ཚོའི་དམིགས་ཡུལ་ནི་གསར་གཏོད་ཅན་གྱི་ཚོང་གཉེར་བ་ཞིག་ཏུ་ཆགས་རྒྱུ་དང་། བོད་པའི་སྤྱི་ཚོགས་ནང་ལས་ཀ་བསྐྲུན་ཐུབ་པ། འཁོར་ཡུག་ལ་གནོད་སྐྱོན་མེད་པའི་སྒོ་ནས་ཚོང་འབྲེལ་གནང་ཐུབ་པ། བོད་པའི་ཐོན་དངོས་རྒྱལ་སྤྱིའི་ཁྲོམ་རར་བཙོང་ཐུབ་པ། བོད་པའི་སྤྱི་ཚོགས་ནང་ཚོང་གཉེར་ལས་རིགས་ལ་སེམས་འགུལ་སྤེལ་ཐབས་བཅས་ཡིན་འདུག

དཔལ་ནོར་ཚོང་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་ནོར་བུ་ཚེ་ཪིང་ལགས་ནས་ཚོང་ལས་དེའི་སྐོར་ལ་འདི་ལྟར་ངོ་སྤྲོད་གནང་དོན། དཔལ་ནོར་ཚོང་གཉེར་ཁང་ནི་ན་གཞོན་དྲུག་གིས་བཙུགས་པ་ཞིག་དང་། དེ་ནི་དྲ་ཐོག་ཚོང་གཉེར་ཁང་དང་གྱོན་ཆས་བཟོ་བསྐྲུན་ཁང་། དེ་བཞིན་གཞན་གྱི་ཚོང་རྫས་བཙོང་བའི་དྲ་ཐོག་ཚོང་ར་ཞིག་ཡིན་ལ། དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་དང་། དྲ་ཚིག ང་ཚོའི་ཚོང་གཉེར་ཁང་གི་དྲ་བ(app)་བཅས་བརྒྱུད་ནས་ཚོང་གཉེར་བྱ་རྒྱུ་ཡིན། ང་ཚོའི་ཚོང་རྫས་ནི་དེང་དུས་ཀྱི་ཁྱད་ཆོས་དང་སྲོལ་རྒྱུན་གྱི་ཉམས་ཡོད་པའི་གྱོན་ཆས་ཡིན་ཞིང་། གྱོན་བདེ་ཞིང་གོང་སླ་བ་ཡིན་པས། གང་ཐུབ་ཅི་ཐུབ་ཀྱིས་ཉོ་མཁན་རྣམས་ཀྱི་འདོད་བློ་བསྐང་ཐབས་བྱ་རྒྱུ་ཡིན། དེ་བཞིན་མ་འོངས་པར་ཚོང་ལས་ཁང་འདི་ཡག་པོ་ཆགས་ཚེ། མཐོ་སློབ་སློབ་ཡོན་བརྒྱ་ཆ་ལྔ་སྤྲོད་རྒྱུའི་འཆར་གཞི་ཡོད། ཅེས་བརྗོད་སོང་།

དེ་ནས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་བདེ་ཆེན་རྣམ་རྒྱལ་གྱིས་ཚོང་གཉེར་ཁང་གི་ཚོགས་མི་རྣམས་ལ་ཁ་བཏགས་དཀར་པོ་རེ་ཕུལ་ནས་བཀྲིས་བདེ་ལེགས་ཞུས་ཞོར། དྲ་ཐོག་ཚོང་ལས་ཁང་འདི་འདྲ་ཞིག་བཙུགས་པར་དགའ་སྤོབས་སྐྱེས་སོང་བ་དང་། འདི་ནི་གཞོན་སྐྱེས་དག་ལ་འཇོན་ནུས་ཡོད་པ་སྟོན་གྱི་ཡོད་པ་རེད། ཚོང་ལས་ཁང་འདིའི་ཚོགས་མི་རྣམས་ངེས་པ་དུ་འཆམ་མཐུན་བྱས་ནས་དཀའ་ལས་རྒྱག་དགོས་པ་དང་། མ་འོངས་པར་ཡང་བོད་པའི་སྤྱི་ཚོགས་ནང་ལས་ཀ་བསྐྲུན་ཐུབ་པའི་ཚོང་ལས་ཁང་ཞིག་ཆགས་རྒྱུའི་རེ་བ་ཡོད་བཅས་གསུངས་སོང་།

མཛད་སྒོ་དེའི་མཇུག་བསྡོམས་ལ། ཚོང་ལས་ཁང་དེའི་འགན་འཛིན་དཔལ་ལྡན་བཀྲ་ཤིས་ལགས་ནས་ད་བར་དངོས་ཤུགས་བརྒྱུད་གསུམ་དུ་རོགས་རམ་དང་སེམས་ཤུགས་སྤེལ་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་སོང་། ཚོང་གཉེར་ཁང་དེའི་ཚོགས་མི་ནི་སྤྱི་ཁྱབ་འགན་འཛིན་ཚེ་རིང་ནོར་བུ་དང་། འགན་འཛིན་བཀྲ་ཤིས་དཔལ་ལྡན། བཟོ་ལས་འགན་འཛིན་རྡོ་རྗེ་བཀྲ་ཤིས། ཁྱབ་བསྒྲགས་འགན་འཛིན་སྐལ་བཟང་། དཔལ་འབྱོར་འགན་འཛིན་བསོད་ནམས་གཡུ་མཚོ། ཐབས་ཇུས་འགན་འཛིན་ཡར་རྒྱས་བཅས་རེད་འདུག །