19
Fri, Apr

བཞུགས་སྒར་དུ་༢༠༡༨ཟླ༧ཚེས་༢༧ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ཞེས་པས་གསར་འགོད་ལྷན་ཚོགས་གནང་བཞིན་པ། པར་དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

དབུས་བོད་མིའི་སྒྲིག་འཛུགས་ནས༼བུད་མེད་ཀྱི་ནུས་སྟོབས་སྤེལ་བའི་སྲིད་བྱུས༽་འདི་ལག་བསྟར་བྱེད་དགོས་པའི་རེ་འདུན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བཏོནགན་སོང་།

དེ་ཡང་༢༠༡༨ལོའི་ཟླ་༧ཚེས་༢༧ཉིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ཞེས་པས་གསར་འགོད་ལྷན་ཚོགས་ཤིག་བཞུགས་སྒར་དུ་བསྡུ་སྐོང་གནང་སྟེ་གསལ་བསྒྲགས་ཤིག་སྤེལ་སོང་བའི་ནང་། ལྟེ་གནས་ཁང་དེ་ཡིས་ཟླ་༦་པའི་ནང་བུད་མེད་ནུས་སྟོབས་གོང་འཕེལ་ཐོག་ལ་ས་ཆ་འདྲ་མིན་དང་ལས་རིགས་མི་འདྲ་ནས་ཡོང་བའི་བུད་མེད་༣༠་ལ་ཟབ་སྦྱོང་སྤྲད་ཡོད་པ་དང་། ཟབ་སྦྱོང་དེའི་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་༢༠༡༧ལོར་གཏན་འབེབ་གནང་བའི་༼བུད་མེད་ནུས་སྟོབས་སྤེལ་བའི་སྲིད་བྱུས༽སྐོར་གྲོས་བསྡུར་དང་བསམ་འཆར་བྱུང་བའི་ནང་ནས་གཙོ་བོ་དོན་ཚན་༧ཅན་ཞིག་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ལོ་འདིའི་ཟླ་༨པའི་ཚེས་༦ཉིན་དབུས་བོད་མིའི་སྒྲིག་འཛུགས་ལ་འབུལ་རྒྱུ་ཡིན་པའི་སྐོར་འབྲེལ་བརྗོད་གནང་སོང་།

ཚོགས་པ་དེའི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། དབུས་བོད་མིའི་སྒྲིག་འཛུགས་ནས་༼བུད་མེད་ནུས་སྟོབས་སྤེལ་བའི་སྲིད་བྱུས༽་སྟོན་པ་ཙམ་མ་ཡིན་པ་དེ་མི་མང་ལ་གོ་རྟོགས་སྤེལ་བ་དང་བསམ་འཆར་བསྡུ་རུབ། དེ་བཞིན་སྲིད་བྱུས་དེ་ལག་བསྟར་དང་དུས་བཀག་དཔྱད་ཞིབ་བྱེད་དགོས་པ་གལ་ཆེན་རེད་འདུག ཅེས་གསུངས་སོང་། ང་ཚོ་བོད་པའི་སྤྱི་ཚོགས་ནང་རྒྱལ་ཁབ་གཞན་དང་འདྲ་བ་ཕོ་མོ་འདྲ་མཉམ་མེད་པ་དེ་ཁས་ལེན་བྱེད་དགོས་པ་དང་ཁས་ལེན་བྱེད་པའི་ཐོག་བུད་མེད་ནུས་སྟོབས་གོང་འཕེལ། ཚོགས་པ་དམིགས་བསལ་བཙུགས་ནས་དེའི་ཐོག་ལ་ལས་དོན་སྒྲུབ་བ། དཔེར་ན། བུད་མེད་གཅིག་ལ་གནས་ཚུལ་སྡུག་པོ་འཕྲད་དུས་ལམ་སེང་ཁ་པར་གཏོང་ཆོག་པ་སོགས་དགོས་འདུག་གསུངས་སོང་།

མུ་མཐུད་ནས་གསུངས་དོན། བུད་མེད་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་ཡིན་པ་དེ་༡༩༩༥ལོར་པེ་ཅིང་དུ་ཚོགས་པའི་ཐེངས་བཞི་པའི་འཛམ་གླིང་བུད་མེད་ཚོགས་ཆེན་ཐོག་གསུངས་ཡོད་པ། ཕོ་མོ་འདྲ་མཉམ་ཐོབ་ཐང་དེ་ངེས་པ་དུ་ང་ཚོ་སྤྱི་ཚོགས་ནང་དགོས་འདུག་བཅས་གསུངས་སོང་།