19
Fri, Apr

ཉིན་གུང་ཞལ་ལག་འབུལ་ལམ་ཞུ་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལམ་སྟོན་འོག་རྒྱ་གར་རྒྱལ་ཡོངས་སུ་བོད་མི་རྣམས་ནས་ཕྱི་ལོ་ ༢༠༡༨ ཧྲིལ་པོར་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་གྱི་ཆ་ཤས་སུ་ཉིན་ཀུ་ལུ་མ་ན་ལི་ས་གནས་འགོ་འཛིན་ལས་ཁུངས་དང་དྭགས་པོ་ཤེས་སྒྲུབ་གླིང་དགོན་པ་གཉིས་ཐུན་མོང་གི་གོ་སྒྲིག་འོག་ས་གནས་སྨན་ཁང་ནང་གི་སྨན་པ་དང་ནད་པ་སོགས་ལ་ཉིན་གུང་ཞལ་ལག་གཏོང་ཕུལ་གྱི་ལས་འགུལ་སྤེལ།

དེ་ཡང་ཟླ་འདིའི་ཚེས་ ༡༡ ཉིན་ཀུ་ལུ་མ་ན་ལི་ས་གནས་འགོ་འཛིན་ལས་ཁུངས་དང་དྭགས་པོ་ཤེས་སྒྲུབ་གླིང་དགོན་པ་གཉིས་ཐུན་མོང་གི་གོ་སྒྲིག་འོག་ས་གནས་རྒྱ་གར་གཞུང་གི་སྨན་ཁང་(Civil Hospital)དུ་ནད་པ་གྲངས་ ༣༢༠ དང་། ནད་གཡོག་གྲངས་ ༥༠༠། སྨན་པ་དང་སྨན་ཞབས། འཕྲོད་ལས་པ་གྲངས་ ༣༠༠། དེ་བཞིན་ས་གནས་མི་མང་ ༦༠༠ ཙམ་ལ་ཆུ་མངར་མོ་དང་མངར་ཟས། ཉིན་གུང་ཞལ་ལག་བཅས་ཕུལ་བ་མ་ཟད།

དྭགས་པོ་ཤེས་སྒྲུབ་གླིང་དགོན་པ་དང་། འོན་མངའ་རིས་དགོན་པའི་དགེ་འདུན་པ་དང། ས་གནས་གཞོན་ནུའི་ཚོགས་མི་སོགས་ཁྱོན་མི་གྲངས་ ༢༥ ཡིས་དྭངས་བླང་ཐོག་ཁྲག་སྦྱིན་ཡང་གནང་འདུག དྭངས་བླང་ཁྲག་སྦྱིན་གྱི་ལས་འགུལ་ལ་དམིགས་བསལ་བསྔགས་བརྗོད་གནང་ཡོད་པ་དང་། སྨན་ཁང་གི་ཁྲག་མཛོད་སྡེ་ཚན་གྱི་འགན་འཛིན་སྨན་པ་ར་མེཤ་(Dr Ramesh Guleria) ལགས་ཀྱིས་གསུངས་དོན། ད་ལྟའི་ཆར་སྨན་ཁང་དུ་ཁྲག་དཀོན་པའི་དུས་ཚོད་འཁེལ་ཡོད་སྟབས་ས་གནས་བོད་མི་ཚོས་འདི་ལྟ་བུའི་ཁྲག་སྦྱིན་ལས་འགུལ་སྤེལ་གནང་བ་དེས་ནད་པར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་རེད་ཅེས་བསྔགས་བརྗོད་གནང་འདུག་པ་དང་། ཐེངས་འདིའི་གཞི་རྒྱ་ཆེ་བའི་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་དེ་ཉིད་ས་གནས་ཧིན་དིའི་ཚགས་ཤོག་ཁག་གི་ནང་གནས་ཚུལ་ཐོན་ཡོད།

རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་ནང་ཀུ་ལུ་མ་ན་ལི་ཁུལ་གྱི་བོད་མི་དང་། སྤྱི་མི། བརྒྱ་དཔོན། དྭགས་པོ་བཤད་སྒྲུབ་གླིང་དགོན་པ། འོན་མངའ་རིས་གྲྭ་ཚང་། སཾ་བྷོ་ཌ་སློབ་གྲྭའི་དགེ་རྒན། པཏ་ལི་ཀུལ་བོད་ཁྱིམ་སློབ་གྲྭའི་ལས་བྱེད། ས་གནས་གཞོན་ནུའི་ཚོགས་མི་བཅས་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་པ་བཅས།།