25
Thu, Apr

སྲིད་སྐྱོང་གིས་གསར་འགོད་པའི་དྲི་བར་ལན་སྐྱོན་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༡༡ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ནས་རྒན་ཡོལ་ཆ་ཚང་ཞུས་གནང་མཛད་ཡོད། དེར་བརྟེན་ད་ཆ་ཁོང་ནི་བོད་མི་རྣམས་ཀྱིས་དད་གུས་ཧ་ཅང་ཞུ་ཡུལ་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ཆགས་ཡོད། ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་དང་འབྲེལ་བའི་འགན་ཡོངས་རྫོགས་ངས་འཁྱེར་བཞིན་ཡོད་ཅེས་སྲིད་སྐྱོང་གིས་ཨི་སི་རིལ་གསར་འགོད་པའི་དྲི་བར་ལན་བཏབ།

དེ་ཡང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨི་སི་རེལ་(Israel)གྲོང་ཁྱེར་ཇུ་རུ་ས་ལེམ་(Jerusalem)ནང་གི་བརྙན་འཕྲིན་གསར་འགྱུར་ཚན་པའི་(Israel Broadcasting Corporation)གསར་འགོད་པ་སྐུ་ཞབས་ཡ་ཀུ་ཨཧེ་མེར་(Yaakov Ahimeir)ལགས་ཀྱི་དྲི་བར་ལན་འདེབས་གནང་འདུག་པ་ཁག་གཤམ་གསལ། སྲིད་སྐྱོང་གིས་ཇིའུ་མི་རིགས་ཚོས་བཙན་བྱོལ་བའི་གནས་སྟངས་འོག་ལོ་ངོ་༢༠༠༠ རིང་འཐབ་རྩོད་བྱས་པའི་བརྒྱུད་རིམ་དང་བོད་མི་བཙན་བྱོལ་བའི་གནས་སྟངས་དབར་འདྲ་ཆོས་མང་དག་ཅིག་ཡོད། སྤྱིར་ང་ཚོ་བོད་མི་བཙན་བྱོལ་བ་ཚོར་མཚོན་ན་བཙན་བྱོལ་བ་ཆགས་ནས་ལོ་ངོ་༦༠ལས་ཕྱིན་མེད། ང་རང་ལ་མཚོན་ནའང་བཙན་བྱོལ་ནང་འཚར་ལོངས་བྱུང་ཡོད། ང་རང་བོད་ནང་འགྲོ་རྒྱུར་ཆོག་མཆན་སྤྲད་ཀྱི་མི་འདུག

གསར་འགོད་པས། རྒྱུ་མཚན་གང་ཡིན་ནམ།
སྲིད་སྐྱོང་གིས་རྒྱ་ནག་གཞུང་གིས་ང་ལྷ་སར་སླེབས་པ་ཡིན་ན་ཕེབས་བསུ་ཞུ་མཁན་མི་འདང་ངེས་ཤིག་མི་འདུག ཅེས་བརྗོད་བྱུང་། ངས་དེར་རྒྱུ་མཚན་མི་འདུག གང་ཡིན་བརྗོད་ན་རྒྱ་ནག་ལ་མི་འབོར་ཐེར་འབུམ་གཅིག་ལྷག་ཡོད། ཅེས་བརྗོད་པ་ཡིན། འོན་ཀྱང་ཁོ་པ་ཚོས་ང་རང་བོད་ནང་འགྲོ་མ་བཅུག་པ་རེད།

གསར་འགོད་པས། ཁྱེད་རང་བོད་ནང་འགྲོ་འདོད་པའི་རྒྱུ་མཚན་གཞན་གང་ཡིན་ནམ།
སྲིད་སྐྱོང་གིས་བོད་ནི་ངའི་ཕ་མ་གཉིས་ཀྱི་འཁྲུངས་ཡུལ་ཙམ་མ་ཟད། ང་ཚོའི་ཕ་ཡུལ་ཡིན། ང་རང་ཐོབ་ཁུངས་ངོ་མ་དེའང་བོད་ཡིན། ད་ཆ་ང་རང་བོད་མིའི་རང་དབང་འཐབ་རྩོད་ཁྲོད་འགན་འཁྱེར་མཁན་ཞིག་ཆགས་ཡོད་སྟབས། བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བསྐྱར་གསོ་ཐུབ་པ་བྱ་རྒྱུ་དང་། དེའི་ཐོག་ནས་གཞིས་བཞུགས་བོད་མི་ས་ཡ་དྲུག་གི་མངོན་འདོད་སྒྲུབ་ཐབས་བྱེད་བཞིན་ཡོད། ངའི་ཕ་དམ་པའི་མངོན་འདོད་ལྟར་རང་གི་ཕ་ཡུལ་དུ་ཕྱིར་ལོག་ཐུབ་པ་བྱ་རྒྱུ་ཡིན།
གསར་འགོད་པས། ཁྱེད་རང་ལ་བོད་མིའི་འཐབ་རྩོད་ཁྲོད་ལས་འགན་གང་ཡོད།
སྲིད་སྐྱོང་གིས་ཕྱི་ལོ་ ༢༠༡༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ནས་རྒན་ཡོལ་ཆ་ཚང་ཞུས་གནང་མཛད་ཡོད། དེར་བརྟེན་ད་ཆ་ཁོང་ནི་བོད་མི་རྣམས་ཀྱིས་དད་གུས་ཧ་ཅང་ཞུ་ཡུལ་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ཆགས་ཡོད། ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་དང་འབྲེལ་བའི་འགན་ཡོངས་རྫོགས་ངས་འཁྱེར་བཞིན་ཡོད།
གསར་འགོད་པས། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ད་ཆ་མཛད་ཁུར་གང་ཡིན་སྐོར་ཁྱེད་ཀྱིས་འགྲེལ་བརྗོད་གནང་རོགས།
སྲིད་སྐྱོང་མཆོག་གིས། ཁོང་ནང་པའི་དགེ་སློང་འདུལ་བ་འཛིན་པ་ཞིག་རེད། རྒྱུན་དུ་སྔ་དྲོ་ཆུ་ཚོད་ ༢།༣༠ ནས་ ༣།༣༠ ཙམ་ལ་༸སྐུ་བཞེངས་མཛད་བཞིན་ཡོད།

གསར་འགོད་པས། ཧ་ཅང་སྔ་པོ་རེད་འདུག

སྲིད་སྐྱོང་གིས་རེད། དེ་ནས་ཆུ་ཚོད་བཞིའི་རིང་སྒོམ་ཉམས་ལེན་དང་༸ཞལ་འདོན་སོགས་མཛད་ཀྱི་ཡོད། དེ་རྗེས་མཇལ་ཞུར་བཅར་མཁན་སྤྱི་སྒེར་སོགས་མི་མང་བརྒྱ་ཕྲག་མང་པོར་མཇལ་ཁ་དང་བཀའ་སློབ་སྩོལ་བཞིན་ཡོད་པ་མ་ཟད། ཆབ་སྲིད་མི་སྣ་སོགས་དང་མཇལ་འཕྲད་སྐབས་ཕྱི་འབྲེལ་ལས་དོན་སྐོར་སོགས་གནད་དོན་འདྲ་མིན་ཐོག་ལམ་སྟོན་བཀའ་སློབ་སོགས་སྩོལ་བཞིན་ཡོད། དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཉིན་ཞག་ཕྲུགས་གཅིག་གི་མཛད་འཕྲིན་རོབ་ཙམ་ཞུ་ན་འདི་འདྲ་རེད།

གསར་འགོད་པས། རྒྱ་ནག་གཞུང་གིས་ཁྱེད་རང་རྒྱ་ནག་གི་དགྲ་བོར་རྩི་བཞིན་ཡོད་པ་ངས་ཚོད་དཔག་ཐུབ་ཀྱི་འདུག

སྲིད་སྐྱོང་གིས་འདི་ནི་དངོས་བདེན་རེད། ཁོ་པ་ཚོས་ང་ལ་ཁ་བྲལ་བ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་གཏོར་བཤིག་གཏོང་མཁན་སོགས་ཉེས་མིང་སྣ་ཚོགས་འདོགས་བཞིན་ཡོད། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་བཤད་པ་ལྟར་ན། ངས་ད་བར་བོད་མིའི་ཆེད་ཕན་ཐོགས་པའི་ལས་ཀ་གང་ཡང་བྱས་མེད་སྐོར་བཤད་ཡོད་ཀྱང་སྐད་ཆ་དེར་བོད་ནང་གི་བོད་མི་མང་པོ་ཞིག་གིས་ངོས་ལེན་མ་བྱས་པའི་ཁར། བོད་མི་དེ་ཚོས་ངས་ལས་ཀ་བྱེད་བཞིན་པ་དེས་བོད་དང་བོད་མིའི་འཐབ་རྩོད་ལ་ཕན་རླབས་ཡོད་པར་ངོས་འཛིན་བྱེད་བཞིན་འདུག དེར་བརྟེན་དངོས་སུ་ལས་ཀ་བྱེད་སྐབས་གནས་སྟངས་དངོས་གནས་དཀའ་ལས་ཁག་པོ་འདུག ལྷག་པར་ཕྱི་ལ་བསྡད་ནས་བྱེད་རྒྱུ་དེ་བས་དཀའ་ལས་འདུག འོན་ཀྱང་རང་ངོས་ནས་གཞིས་ལུས་བོད་མི་ས་ཡ་དྲུག་གི་དཀའ་སྡུག་དང་རེ་འདུན། འཐབ་རྩོད་གནང་སྟངས་སྐོར་འཛམ་གླིང་ཕྱི་ལ་དྲིལ་བསྒྲགས་རྒྱ་གང་ཆེ་སྤེལ་ཆེད་འབད་བརྩོན་གང་ཡོད་བྱེད་རྒྱུ་དེ་ངའི་ལས་འགན་རེད།

གསར་འགོད་པས། ཁྱེད་རང་གིས་བོད་ལ་རང་བཙན་ཐོབ་ཐབས་བྱེད་བཞིན་ཡོད་དམ།

སྲིད་སྐྱོང་གིས་གལ་ཏེ་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་མཚམས་འཇོག་བྱས་ནས་བོད་མི་རྣམས་ལ་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་ལྟར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་སྤྲད་པ་ཡིན་ན་ང་ཚོས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་རྩོད་དགོས་པ་གང་ཡང་མེད།

གསར་འགོད་པས། བོད་ནང་གི་གནས་སྟངས་གང་འདྲ་ཡོད་དམ།

སྲིད་སྐྱོང་གིས་བྱང་ཀོ་རི་ཡར་འགྲོ་རྒྱུ་ལས་བོད་ནང་དུ་འགྲོ་རྒྱུར་དཀའ་བ་ཡོད། ད་ཆ་བྱང་ཀོ་རི་ཡའི་གནས་སྟངས་ཚང་མས་ཤེས་ཀྱི་ཡོད་ཀྱང་བོད་ཀྱི་གནས་སྟངས་ཤེས་མཁན་དེ་ཙམ་མེད། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༢ རང་ལུས་མེར་སྲེག་བཏང་ཡོད། བོད་མི་ཚོ་ད་ཆ་འུ་ཐུག་ཐབས་ཟད་པར་བརྟེན་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བཞིན་ཡོད། ལས་འགུལ་དེས་བོད་མི་ཚོ་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་དང་ཆོད་སེམས་བརྟན་པོ་ཡོད་པ་གསལ་འདོན་གནང་ཡོད། དེར་བརྟེན་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བརྩི་མེད་རྡོག་རོལ་ཇི་ཙམ་གཏོང་བཞིན་ཡོད་པ་མ་ཟད། བོད་ཀྱི་ཁོར་ཡུག་ལའང་གཏོར་བཤིག་ཚབས་ཆེ་གཏོང་བཞིན་པ་དེར་བོད་མི་ཁག་གཅིག་གིས་རང་སྲེག་ལམ་ནས་ངོ་རྒོལ་རྔམ་སྟོན་བྱས་ཡོད། འདི་ནི་ད་ལྟའི་བོད་ནང་གི་ཛ་དྲག་གི་དངོས་ཡོད་གནས་སྟངས་ཆགས་ཡོད།

གསར་འགོད་པས། རྒྱ་ནག་གཞུང་གིས་བོད་ནང་རིག་གནས་གསར་བརྗེ་བྱས་པ་ཟེར་བ་དེར་ཁྱེད་རང་ཡིད་ཆེས་བྱེད་ཀྱི་ཡོད་དམ།

སྲིད་སྐྱོང་གིས་ཡིད་ཆེས་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། བོད་ནང་གི་དགོན་པ་བརྒྱ་ཆ་ ༩༨ རྩ་མེད་བཟོས་པ་དང་། དགེ་བཙུན་བརྒྱ་ཆ་ ༩༩་༩ སྐྱ་སར་ཕབ་པ་མ་ཟད། ནང་ཆོས་བྱེད་མི་ཆོག་པ་བཟོས་ཡོད། བོད་རིགས་རྒྱ་རིགས་སུ་བསྒྱུར་རྒྱུའི་སྲིད་བྱུས་ཇི་ལྟར་ལག་བསྟར་བྱས་པ་ཁྱེད་ཀྱིས་གསལ་རྟོགས་ཐུབ། དེང་སྐབས་སུའང་བོད་ཀྱི་སྐད་ཡིག་བརྒྱུད་ལམ་བྱས་ནས་སློབ་ཚན་གཞན་སློབ་ཁྲིད་མ་ཆོག་པ་རེད། སྲིད་བྱུས་དེ་ནི་སློབ་འབྲིང་དང་སློབ་ཆེན། མཐོ་སློབ་བཅས་ཀྱི་ནང་ལག་བསྟར་བྱེད་བཞིན་ཡོད།

གསར་འགོད་པས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བ་ཡོད་པར་བརྟེན་ཨི་སི་རེལ་གཞུང་གིས་བོད་དོན་ཐོག་རྒྱབ་སྐྱོར་བྱ་རྒྱུ་ཧ་ཅང་ཁག་པོ་དང་མགོ་རྙོག་ཚ་པོ་ཞིག་ཡིན་པ་ཁྱེད་ཀྱིས་མཁྱེན་གསལ་རེད།

སྲིད་སྐྱོང་གིས་ང་ཚོས་འབད་བརྩོན་བྱེད་བཞིན་པ་ནི་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་བྱེད་བཞིན་ཡོད། འདི་ནི་རྒྱ་ནག་གི་རྩ་ཁྲིམས་དགོངས་དོན་ལྟར་ནའང་ཁྲིམས་མཐུན་ཆགས་ཡོད། དེར་བརྟེན་ཨི་སི་རེལ་གཞུང་འཛིན་མི་སྣ་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་རྒྱུར་ཐེ་ཚོམ་རྩ་བ་ནས་གནང་མི་དགོས།

གསར་འགོད་པས། རྒྱ་ནག་གཞུང་གིས་བོད་ནང་དུ་དཔལ་འབྱོར་འཛུགས་སྐྲུན་གྱི་ལས་གཞི་རྒྱ་སྐྱེད་ཐོག་ཡུལ་སྐོར་སྤྲོ་འཆམ་པ་གང་མང་བློ་འགུག་ཐབས་བྱེད་བཞིན་ཡོད། བོད་ནང་ཡུལ་སྐོར་སྤྲོ་འཆམ་འགྲོ་མཁན་ཨི་སི་རེལ་མི་རིགས་ཚོར་ཁྱེད་ཀྱིས་ལམ་སྟོན་གང་གནང་རྒྱུ་ཡིན་ནམ།

སྲིད་སྐྱོང་གིས་ཨི་སི་རེལ་ཡུལ་སྐོར་སྤྲོ་འཆམ་པ་བོད་ནང་འགྲོ་མཁན་ཚོས་གལ་ཏེ་རྒྱ་མིའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་གོ་སྒྲིག་འོག སྣེ་ཤན་བྱེད་མཁན་རྒྱ་མི་རིགས་ཡིན་པ་དང་། རྒྱ་མིའི་མགྲོན་ཁང་ནང་བསྡད་ནས་རྒྱ་མིའི་ཟ་མ་ཟ་ནས་བསྡད་པ་ཡིན་ན་དངོས་ཡོད་གནས་སྟངས་གང་ཡང་མཐོང་མི་ཐུབ། དེ་བས་ཨི་སི་རེལ་ནང་བཞུགས་ཀྱང་ཆོག འོན་ཀྱང་གལ་ཏེ་བོད་ཀྱི་མགྲོན་ཁང་ནང་བཞུགས་ནས་བོད་ཟས་ཟ་བ་དང་། སྣེ་ཤན་བྱེད་མཁན་བོད་མི་ཡིན་ཚེ་བོད་ཀྱི་དངོས་ཡོད་གནས་སྟངས་ཕྲན་བུ་རྟོགས་ཐུབ། ང་ཚོས་བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་མཁན་ཚོར་ལམ་སྟོན་འདི་ལྟར་བྱེད་བཞིན་ཡོད། རྒྱ་མི་སྣེ་ཤན་པས་གང་བཤད་ཀྱི་དབང་དུ་མ་སོང་བར་ཡིད་གཟབ་ཐོག་བོད་མི་སྣེ་ཤན་པ་ཐོབ་ཐབས་གནང་དགོས།

གསར་འགོད་པས། རྒྱ་མིའི་སྣེ་ཤན་པར་སྐྱོན་གང་ཡོད།

སྲིད་སྐྱོང་གིས་ཁོ་པས་བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་ཁམས་སུ་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་སྐོར་དང་། ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་དང་གཏན་ནས་མི་མཐུན་པ་དཔེར་ན། བོད་ནང་དབང་ཆ་ཡོངས་རྫོགས་བོད་མིར་ཡོད་ཚུལ་གྱི་གཏམ་འཆལ་སྣ་ཚོགས་ཤིག་སྤེལ་ངེས་རེད། གསར་འགོད་པས། ཁྱེད་རང་གི་མི་ཐོག་རིང་བོད་ལ་རང་དབང་ཐོབ་རྒྱུ་རེད་བསམ་པ་དྲན་བཞིན་འདུག་གམ། སྲིད་སྐྱོང་གིས་འདི་ནི་ང་ཚོའི་མངོན་འདོད་རེད། ངའི་མི་ཐོག་ལྟ་ཞོག་མགྱོགས་མྱུར་གཞིས་བྱེས་བོད་མི་མཉམ་འཛོམས་ཐུབ་རྒྱུ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་ཐུབ་པ། བོད་མི་རྣམས་རང་དབང་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཐུབ་རྒྱུ་ཡིན་པ་ང་ཚོས་ཡིད་ཆེས་ཞུ་བཞིན་ཡོད།