19
Fri, Apr

འདྲི་རྩད་བྱེད་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

 བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་༢༠༡༨ ཟླ་ ༥ ཚེས་ ༩ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཟེར་བའི་འཐུས་མི་ཁག་ཅིག་གིས་ཁེ་ན་ཌའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་ཉན་ཞིབ་ཚོགས་འདུ་ཞིག་ཚོགས་འདུག

དེ་ཡང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་པདྨ་དབང་འདུས་ལགས་ཀྱིས་ཉན་ཞིབ་སྐབས། བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་མ་ཟད། བོད་ལ་ཞི་བའི་བཅིངས་འགྲོལ་བཏང་རྗེས་བོད་ནང་དཔལ་འབྱོར་གྱི་གནས་སྟངས་སྔར་དང་བསྡུར་ན་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་སྐོར་བརྗོད་འདུག སྐབས་དེར་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་(Garnett Genius) ལགས་ཀྱིས་སྐུ་ཚབ་ཚོགས་པ་དེ་བོད་མི་རིགས་ཀྱི་སྐུ་ཚབ་མཚོན་གྱི་ཡོད་ནའང་། ཚོགས་གཙོ་པདྨ་དབང་འདུས་ལགས་ཀྱིས་བོད་སྐད་ཀྱི་ཚབ་ཏུ་རྒྱ་སྐད་ཐོག་འགྲེལ་བརྗོད་གནང་སོང་ཞེས་གསུངས།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་རྣམས་སྐུ་འཚོ་བཞུགས་ཡོད་མེད། གལ་ཏེ་ཁོང་རྣམ་པ་སྐུ་འཚོ་བཞུགས་ཡོད་ཚེ་ཁེ་ན་ཌའམ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་སྐུ་ཚབ་ཚོགས་པ་ཞིག་ཆེད་མངགས་ཁོང་རྣམ་པར་དངོས་སུ་མཇལ་འཇུག་རྒྱུ་ཡིན་མིན་སོགས་དྲི་བར། པདྨ་དབང་འདུས་ཁོ་པས་ “དགེ་འདུན་ཆོས་ཀྱི་ཉི་མ་ལགས་ད་ལྟ་སྐུ་འཚོ་བཞུགས་ཡིན་པ་མ་ཟད། རྒྱ་ནག་གི་མི་སེར་དཀྱུས་མ་ཞིག་ཡིན་པ་དང་། ད་ལྟ་ཁོང་མཐོ་སློབ་ཐོན་ཚར་ཡོད། ཁོང་གིས་འཚོ་བ་ཧ་ཅང་ཡག་པོ་སྐྱེལ་བཞིན་ཡོད། ཁོང་དང་ཁོང་གི་ནང་མི་ནས་ཕྱི་མིའི་བར་ཆད་མེད་པའི་ངང་གནས་འདོད་ཡོད་པར་བརྟེན། ཁོང་རྣམ་པའི་འགྲོ་བ་མིའི་ཐོབ་ཐང་ལའང་ང་ཚོས་བརྩི་བཀུར་ཞུ་དགོས། ” ཞེས་བཤད།

དེ་བཞིན་བཀྲིས་དབང་ཕྱུག་ལགས་ཀྱི་སྐོར་དྲིས་སྐབས། པདྨ་དབང་འདུས་ལགས་ཀྱིས་ལན་འདེབས་གནང་དོན། “མི་དེས་བོད་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་གི་མིང་ཐོག་ནས་ཁ་བྲལ་གཏོར་བཤིག་བཏང་བའི་ནག་ཉེས་བཟོས་པའི་བདེན་དཔང་མེད་ན། ང་ཚོས་ཁོང་ལ་ནག་ཉེས་འགེལ་སྲིད་ཀྱི་མ་རེད། དོན་དངོས་ཀྱི་གནོད་སྐྱོན་བཟོས་པ་ར་འཕྲོད་བྱུང་བར་བརྟེན། ཁོ་ལ་ནག་ཉེས་བཙུགས་པ་རེད་མ་གཏོགས། ཁོས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱས་ཏེ་ནག་ཉེས་བཙུགས་པ་རེད་ཟེར་གྱི་མེད།” ཅེས་བཤད།

བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པའི་འགོ་ཁྲིད་པདྨ་དབང་འདུས་ནི། བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་རྒྱུན་ལས། ལྷ་ས་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་བཅས་ཡིན་འདུག གཞན་ཡང་སྐུ་ཚབ་ཚོགས་ཆུང་ནང་ཡོད་པའི་ཕུར་བུ་དོན་གྲུབ་ཟེར་བ་ཁོ་པ་ནི། རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། ལྷོ་ཁ་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་དང་གྲོང་ཁྱེར་གྱི་སྤྱི་ཁྱབ་པ། དེ་བཞིན་ཚོགས་མི་རྡོ་རྗེ་ཚེ་རིང་ཁོ་པ་ནི། བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། བོད་རང་སྐྱོང་ལྗོངས་མི་རིགས་དང་། ཆོས་ལུགས་། ཕྱི་སྡོད་བོད་མིའི་དོན་གཅོད་ལས་ཁུངས་ཀྱི་འགན་འཛིན་གཞོན་པ། ཡང་ཨ་དབང་བསྟན་འཛིན་ཟེར་བ་ཁོ་པ་ནི། བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། ལྷོ་ཁ་གྲ་ནང་རྫོང་གི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཞོན། གྲ་ནང་རྫོང་སྨིན་གྲོལ་གླིང་དམངས་གཙོ་དོ་དམ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཡིན་འདུག་པ་བཅས།