19
Fri, Apr

ཀུན་གཟིགས་པཎ་ཆེན་སྐོར་ནས་བརྙན་ཐུང་དབུ་འབྱེད།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༧ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་༢༣འཁོར་བར་བརྟེན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་<<རྒྱལ་སྤྱིའི་མིག་ལམ་ནས་གར་སོང་ཆ་མེད་དུ་གྱུར་བའི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག>>ཅེས་པའི་སྐར་མ་གསུམ་ཅན་གྱི་བརྙན་ཐུང་ཞིག་དབུ་འབྱེད་གནང་ཡོད་འདུག

བརྙན་ཐུང་དེའི་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གི་དབང་སྒྱུར་འོག་གར་སོང་ཆ་མེད་དུ་གྱུར་བ་དེར་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བསྟན་པ་དང་། ལྷག་པར་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བ་རྣམས་ལ་ཞིབ་དཔྱོད་གནང་མཁན་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་ཆུང་གི་དྲུང་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་གསུང་དོན་ལྟར་ན། “རྒྱལ་ཚོགས་ཀྱིས་འདྲི་རྩད་བྱེད་སྐབས་རྒྱ་ནག་གཞུང་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ད་ལྟ་སྐུ་གཟུགས་གསལ་ཐང་ངང་ཡོད་སྐོར་བཤད་ཡོད། འོན་ཀྱང་དེ་ཙམ་གྱིས་ཁོང་དོན་དངོས་གནས་སྟངས་ཇི་ཡིན་བདེན་དཔང་བྱེད་ཐུབ་པའི་རྒྱུ་མཚན་འདེང་ངེས་ཤིག་ཡིན་པར་རྒྱལ་ཚོགས་ནས་ངོས་འཛིན་བྱེད་ཐབས་མེད་པར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁ་མཆུ་ཁང་༢༢༨༦༨ཞེས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཇི་ཡིན་ཐོག་གི་ཁ་མཆུ་དུས་ད་ལྟ་བར་འགྲོ་མུས་ཡིན་” ཞེས་གསུངས།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས། “ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་དགོས་པ་དང་། ཆུང་སྲིད་རིན་པོ་ཆེ་མཆོག་གདན་ས་བཀྲ་ཤིས་ལྷུན་པོའི་ནང་དུ་གདན་འདྲེན་ཞུས་ནས་ནང་པའི་གཞུང་ཆེན་ཁག་ལ་གསན་བསམ་ཚུལ་བཞིན་གནང་བཅུག་དགོས་” ཞེས་སོགས་རེ་འདུན་བཏོན། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚོགས་ཆུང་གིས། ༢༠༡༣ ལོའི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་། ཆོས་ལུགས་མི་སྣ་གར་སོང་ཆ་མེད་དུ་གྱུར་བའི་མཚན་གཞུང་ནང་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་མཚན་ཡང་འཁོད་ཡོད་འདུག ཡུ་རོབ་གྲོས་ཚོགས་ཀྱིས། “རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུལ་ལམ་ལུགས་ལ་བརྩི་མེད་རྡོག་རོལ་བཏང་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱས་པ་མ་ཟད། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་དེར་སེམས་འཚབ་ཧ་ཅང་ཡོད་” ཅེས་སོགས་ཐེངས་མང་གསུང་ཡོད།

འཇར་མན་གྲོས་ཚོགས་ནས། “རྒྱ་ནག་གཞུང་གིས་བཙན་དབང་འོག་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་བཏང་བ་དེ་ནི་བོད་མིའི་ཆོས་དད་རང་དབང་ལ་དམ་བསྒྲགས་ཚོད་འཛིན་བྱེད་བཞིན་པའི་དཔེ་མཚོན་ཞིག་ཡིན།” ཞེ་སོགས་གསུངས། ཁེ་ན་ཌའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་བློན་ཆེན་མཆོག་ནས། “འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་ཐད་ཆེས་མཐོའི་དམིགས་བསལ་སྐུ་ཚབ་ཚོགས་མི་བོད་དུ་ཕེབས་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་རྟོག་ཞིབ་གནང་བཅུག་དགོས་” སོགས་གསུངས།

ཨིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཨིན་རྒྱ་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གཉིས་མོས་ཚོགས་འདུའི་སྐབས་ཨིན་ཇིའི་སྐུ་ཚབ་འཐུས་མིས། “དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཇི་ཡིན་རྟོག་ཞིབ་བྱེད་བཅུག་དགོས་” ཞེས་རེ་འདུན་ཤུགས་ཆེ་བཏོན།

དེ་ཡང་གནས་ཚུལ་ཐོན་གསལ་ལྟར་ན་ཕྱི་ལོ་ ༢༠༠༡ ཟླ་ ༨ ནང་པོ་ལེནྜ་ཡུལ་གྱི་སྐུ་ཚབ་ཚོགས་ཆུང་ཞིག་ལ་རྒྱ་ནག་གཞུང་གིས་བདུན་ཕྲག་དྲུག་གི་ནང་ཚུད་ལ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུ་པར་ཞིག་སྟོན་རྒྱུ་ཡིན་ཞེས་ཁས་ལན་བྱས་འདུག་ཀྱང་དེ་ལྟར་ནམ་ཡང་བྱུང་མེད། ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིས། “རྒྱ་ནག་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དེར་བློ་ཕམ་ཡོད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་རྒྱ་ནག་གཞུང་གིས་མོས་མཐུན་ཞུ་དགོས།”ཞེས་སོགས་གསུངས།

གཞུང་འབྲེལ་མིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་གིས། “ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་དང་ཁོང་གི་གནས་སྟངས་ཇི་ཡིན་གསལ་བཤད་དགོས།” ཞེས་རྒྱ་ནག་གཞུང་ལ་ཐེངས་མངས་རེ་འདུན་བཏོན་འདུག་ཀྱང་ད་བར་དོན་འབྲས་སོན་པ་གང་ཡང་བྱུང་མེད། ཟླ་བ་འདིའི་ཟླ་མགོར་རྒྱ་ནག་གཞུང་གིས་བསྐོ་གཞག་བྱས་པའི་ <<བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་འཐུས་མི་>>ཟེར་བ་ཞིག་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་བོད་དོན་ཉན་ཞིབ་སྐབས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་དང་སྐུ་གཟུགས་སོགས་ཀྱི་གནས་སྟངས་ཇི་ཡིན་ཞིབ་རྩད་གནང་འདུག་ཀྱང་ལན་འདེབས་དང་གསལ་བཤད་འདོད་བློ་ཁེངས་ངེས་ཞིག་རྩ་བ་ནས་ཕུལ་ཐུབ་མེད།