18
Thu, Apr

པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཟླ་འདིའི་ཕྱི་ཚེས་༢༥ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༩ སོན་པའི་འཁྲུངས་སྐར་དུས་སྟོན་དང་འབྲེལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་དྷ་སའི་ཁྲོང་སྲང་དུ་སྤྲི་གོར་བཅད་གཏུབ་དང་སྒང་ཕུག་སྤུར་བ་སོགས་ཀྱིས་ཁོང་གི་འཁྲུངས་སྐར་སྲུང་བརྩི་གནང་སོང་།

བུད་མེད་ལྷན་ཚོགས་ཀྱིས་ཀུན་གཟིགས་པན་ཆེན་ཆུང་སྲིད་སྐོར་ལ་གསལ་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། དེ་རིང་ནི་ཉེས་མེད་དགུང་ལོ་༦ ཅན་གྱི་བྱིས་པ་ཞིག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་ལོ་ངོ་ཧྲིལ་བོ་༢༣ འཁོར་གྱི་ཡོད་པ་དང་། བུད་མེད་ལྷན་ཚོགས་ངོས་ནས་ཀུན་གཟིགས་ཆུང་སྲིད་རིན་པོ་ཆེ་མཆོག་དགུང་ལོ་༢༩ འཁོར་བའི་དུས་དྲན་དང་བསྟུན་དུས་དྲན་སྲུང་བརྩི་དགོས་དོན་ནི་ཁོང་མགྱོགས་མྱུར་རྒྱ་ནག་གཞུང་གིས་གློད་གྲོལ་དང་ཁོང་གི་གདན་ས་བཀྲ་ཤིས་ལྷུན་པོར་མྱུར་དུ་བདེ་འཁོད་བྱུང་ཐུབ་ཆེད་ཡིན་སྐོར་འཁོད་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་འཛུགས་ཕྱི་དྲིལ་ལས་ཁུངས་ངོས་དེ་རིང་གི་ཉིན་མོ་དང་བསྟུན་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་ལ་བརྙན་ཐུང་ཞིག་འདོན་སྤེལ་གནང་སོང་བ་དང་། བརྙན་ཐུང་དེའི་ནང་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༩ བཞེས་པར་འཚམས་འདྲི་དང་སྦྲགས་རྒྱ་ནག་གཞུང་ལ་ཁོང་མགྱོགས་མྱུར་གློད་བཀྲོལ་དགོས་པའི་རེ་འདུན་ཡང་བཏོན་ཡོད་པ་དང་། བརྙན་ཐུང་དེ་འཛམ་གླིང་གི་སྐད་རིགས་མི་འདྲ་བ་༢༩ ནང་དུ་བཟོས་གནང་འདུག

གནས་ཚུལ་དེ་དང་འབྲེལ་ནས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསུང་དོན། རྒྱལ་སྤྱིའི་ཐོག་ནས་ལོ་ངོ་བཅུ་ཕྲག་རིང་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་། ཁོང་གི་ནང་མིའི་གནས་སྟངས་དང་སྐུའི་འཕྲོད་བཞེས། དེ་བཞིན་ཆུང་སྲིད་རིན་པོ་ཆེ་མཆོག་གི་སློབ་སྦྱོང་སོགས་ཀྱི་གནས་སྟངས་སྐོར་འདྲི་རྩད་ཇི་ཙམ་བྱས་ཀྱང་རྒྱ་ནག་གཞུང་གིས་ད་བར་ཡ་ལན་གང་ཡང་བྱས་མེད། འོན་ཀྱང་ང་ཚོ་བོད་མི་ཚོས་སྙིང་སྟོབས་ཞུམ་པ་མེད་པར་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་ཆེད་མུ་མཐུད་འབད་བརྩོན་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་མ་ཟད། མི་རིང་བར་རིན་པོ་ཆེ་མཆོག་གི་གདན་ས་བཀྲ་ཤིས་ལྷུན་པོའི་གཟིམ་ཆུང་ནང་ཞབས་སོར་འཁོད་ཐུབ་རྒྱུར་རེ་བ་ཞུ་བཞིན་ཡོད། ཞེས་གསུངས་འདུག

དེ་མིན་བོད་པ་འདུས་སྡོད་ཀྱི་རྒྱལ་ཁབ་ཨ་རི་དང་ཡོ་རོབ། ཁ་ན་ཊ་སོགས་ས་ཕྱོགས་མང་པོའི་ནང་ཁོང་ཉིད་ཀྱི་འཁྲུངས་སྐར་དུས་དྲན་སྲུང་བརྩི་གནང་བཞིན་ཡོད་པ་དང་། རྒྱ་གར་ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོ་དགོན་པར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བཀྲ་ཤིས་ལྷུན་པོ་དགོན་པ་གཉིས་མཉམ་འབྲེལ་སྒོས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་དུས་དྲན་དང་བསྟུན། འཛམ་གླིང་ལ་རྒྱ་ནག་གཞུང་གིས་ཉེས་མེད་བྱིས་པ་ཞིག་བཙན་འཁྲིད་བྱས་པ་ཤེས་རྟོགས་ཆེད། མར་མེ་༡༣༠༠༠༠ སྦར་ནས་འཛམ་གླིང་རྗི་ནེ་སི་(Guinness)དཔེ་དེབ་ཟིན་ཐོའི་ནང་འཁོད་ཐུབ་པའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་འདུག ཁོ་ཚོའི་བསྒྲགས་གཏམ་ནང་ང་ཚོས་དུས་དྲན་འདི་དང་བསྟུན་མར་མེ་༡༣༠༠༠༠ སྦར་བ་ནི་བཙན་བྱོལ་བོད་མིའི་མངོན་འདོད་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ལ་རང་དབང་དང་དྲང་བདེན་ཡོང་ཆེད་དང་། མར་མེ་ཡི་འོད་སྣང་གིས་ཁོང་མགྱོགས་མྱུར་གློད་གྲོལ་ཡོང་ཐབས་དང་སྐུ་ཚེ་བརྟན་པའི་རེ་བ་དང་སྨྱོན་ལམ་འདེབས་ཀྱི་ཡོད། ཅེས་འཁོད་འདུག ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི། ཡབ་དཀོན་མཆོག་ཕུན་ཚོགས་ལགས་དང་ཡུམ་བདེ་ཆེན་ཆོས་སྒྲོན་ལགས་གཉིས་ཀྱི་སྲས་སུ་བོད་ནག་ཆུ་ས་ཁུལ་ལྷོ་རྫོང་དུ་ཕྱི་ལོ་ ༡༩༨༩ ཟླ་ ༤ ཚེས་ ༢༥ ཉིན་སྐུ་འཁྲུངས། རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་དགུང་གྲངས་དྲུག་ལ་སོན་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཕྲུལ་བྲལ་དུ་ངོས་འཛིན་མཛད་ཡོད། དེ་ནས་ཉིན་གསུམ་རྗེས་རྒྱ་ནག་གཞུང་གིས་ཁོང་དང་ཁོང་གི་ནང་མི་རྣམས་བཙན་འཁྲིད་བྱས་ནས་ད་བར་གར་སོང་ཆ་མེད་དུ་གྱུར་བ་རེད།