20
Sat, Apr

བོད་ཀྱི་བང་ཆེན་གསར་ཁང་ནས་གསར་འགོད་གསལ་བསྒྲགས་། པར་པ་ཡེ་ཤེས་ལྷ་མོ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༤ཚེས་༡༩ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡སྟེང་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་བོད་ཀྱི་བང་ཆེན་གསར་ཤོག་དབུ་བརྙེས་ནས་ལོ་ངོ་ཧྲིལ་བོ་༡༥འཁོར་བའི་དུས་ཆེན་དང་སྟབས་བསྟུན་བོད་ཀྱི་བང་ཆེན་དབྱིན་བོད་གཉིས་ལྡན་གྱི་དྲ་རྒྱ་བསྐྱར་བཟོ་དང་མཉེན་ཆས་གསར་བ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་སོང་།

མཛད་སྒོ་སྐུ་མགོན་གཙོ་བོར་བོད་མི་མང་སྤྱི་འཐུས་ལྷན་ཚོགསཚོགས་གཙོ་མཁན་པོ་བསོད་ནམ་བསྟན་འཕེལ་མཆོག་དང་བོད་མི་མང་སྤྱི་འཐུས་བོད་ཀྱི་གསར་འགོད་པ་སོགས་ཁྱོན་མི་གྲངས་༢༠ ལྷག་ཅིག་འཛོམས་འདུག

མཛད་སྒོའི་ཐོག་མར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འགན་འཛིན་སེར་རྟ་ཚུལ་ཁྲིམས་ལགས་ཀྱིས་བོད་ཀྱི་བང་ཆེན་གསར་ཤོག་དང་དྲ་རྒྱའི་འཕེལ་རིམ་དང་མ་འོངས་ལས་འཆར་སོགས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་གནང་དོན། ཕྱི་ལོ་༢༠༠༣ཟླ་༢ཚེས༡ཉིན་ཁ་བ་དཀར་པོའི་ལས་ཁུངས་དེ་གསར་འཛུགས་གནང་དང་། ཕྱི་ལོ་༢༠༠༣ཟླ་བ་༤ཚེས་༡༨ཉིན་བོད་ཀྱི་བང་ཆེན་གྱི་ཚགས་པར་དེ་བཏོན་པ་རེད། སྐབས་དེ་དུས་ང་ཚོའི་བོད་ཀྱི་བང་ཆེན་གྱི་ཚགས་པར་ལ་མཚོན་ན་ཟླ་ཕྱེད་ཀྱི་ཚགས་པར་རེད། ཚགས་པར་དེ་ཕྱི་ཚེས་༣དང་ཕྱི་ཚེས་༡༨ལ་དཔར་གྱི་ཡོད་པ་རེད། སྐབས་དེ་དུས་རྡ་རམ་སར་གཞུང་འབྲེལ་མ་ཡིན་པའི་བོད་ཀྱི་དུས་བབ་དེ་ཕྱི་ཚེས༡༠ཕྱི་ཚེས་༢༠ཕྱི་ཚེས་༣༠བཅས་ལ་དཔར་བསྡད་ཡོད་དུས་། ཉི་མ་གཅིག་དང་དུས་ཚོད་གཅིག་ལ་པར་སྡོད་ན་དགེ་ཕན་གལ་མེད་པ་མཐོང་། དེ་རྗེས་ལ་ཉིན་མ་བཅུ་རེའི་ཚགས་པར་བཟོས་པ་རེད་དེ་ཡང་ཚེ་ས་གྲངས་གཅིག་པ་ལ་མ་སྟོན་པར་ཕྱི་ཚེས་༥དང་ཕྱི་ཚེས་༡༥ཕྱི་ཚེས༢༥བཅས་ལ་སྟོན་པ་རེད། ཉིན་བཅུའི་ཚགས་པས་སྟོན་ནས་ལོ་གཉིས་ཀྱི་རིང་ལ་བྱས་པ་རེད། དེ་ནས་བསམ་བློ་མང་པོ་བཏང་པ་རེད་ལྷག་པར་དུ་སྤྱི་ཚོགས་ནང་ལ་འགེངས་ཤོག་ཞིག་བཀྲམས་ནས་ཚགས་པར་གྱི་ཤོག་བུ་མང་དུ་གཏོང་དགོས་སམ་ཡང་ན་ཉིན་བདུན་རེའི་ནང་དཔར་ན་དགའ་ས་རེད། བསམ་ཚུལ་བསྡུ་རུབ་བྱས་པ་རེད་དེ་འགེངས་ཤོག་བཀང་མཁན་མི་བརྒྱ་ལྷག་ལས་བྱུང་ཡོད་མ་རེད། མི་བརྒྱ་ལྷག་དེས་བརྒྱ་ཆ་བརྒྱ་ཐ་པར་ཉིན་བདུན་རེ་བྱས་ན་ཡག་པའི་བསམ་ཚུལ་དེ་བྱུང་པ་རེད། དེ་ལ་བརྟེན་ནས་ཕྱི་ལོ་༢༠༠༧ཟླ་༤ཚེས་༡༨ལ་གང་ལྟར་ལོ་བཞིའི་རྗེས་ལ་ང་ཚོས་ཉིན་བདུན་རེའི་ཚགས་པར་བཟོས་པ་ནས་ད་ལྟ་བར་དེ་ལྟར་བཏོན་པ་རེད། ཅེས་དང་།

ཡང་ཁོང་གིས་མུ་མཐུད་བོད་ཀྱི་བང་ཆེད་དང་ཁ་བ་དཀར་པོའི་ལས་དོན་གྱི་ཐོག་ལ་མཉམ་ཞུགས་བྱེད་མཁན་གྱི་ལས་བྱེད་ཟུར་པ་ཚང་མ་བསྡོམས་པས་ལས་བྱེད་༣༦ཡོད་པ་དང་། ལས་མི་དེ་དག་གི་ནུས་པ་མཉམ་སྤུངས་དང་སྔ་རྗེས་ཀྱི་འབད་བརྩོན་ལ་བརྟེན་པ་རེད་ལ། ད་ལྟ་གྲུབ་འབྲས་ཟེར་ནས་རྒྱ་ཆེན་པོ་དེ་འདྲ་བསྟན་རྒྱུ་མེད་ན་ཡང་དུས་ད་ལྟ་བར་འགྲོ་ཐུབ་པ་དེ་ཡང་གོང་གསལ་བཞིན་ང་རང་ཚོའི་སྤྱི་ཚོགས་གནས་བབ་ཀྱི་ཐོག་ནས་འགྲུབ་འབྲས་ཆུང་ཕྲ་ཞིག་ལ་ངོས་འཛིན་བྱེད་ན་མ་འགྲིག་པ་མེད་བསམ་པའི་བསམ་བློ་ཞིག་འཁོར་བསྡད་ཡོད། དེ་ནང་བཞིན་ང་ཚོས་དེབ་མང་པོ་ཞིག་སྟོན་ཡོད་པ་རེད། ལས་དོན་འདི་དག་གི་རྒྱུད་རིམ་མང་པོ་ཞིག་གི་ཐོག་ནས་ད་ལྟ་བར་གནས་ཐུབ་པ་དང་མ་འོངས་པ་འགྲོ་ཐུབ་པ་དང་གནས་ཐུབ་པ་དེ་རྒྱུ་མཚན་གསུམ་ལ་ཐུག་ཡོད་པ་དང་། དང་པོ་དེ་སྤྱི་ཚོགས་ནང་ནས་དོ་སྣང་དང་རྒྱབ་སྐྱོར་བྱེད་མཁན་མེད་པ་ཡིན་ན་ང་ཚོའི་ལས་ཀ་དེ་མུ་མཐུད་ནས་འགྲོ་ཐུབ་པ་རྩ་བ་ནས་ཡོད་པ་མ་རེད། ད་ལྟ་ཡན་ཆོད་འདས་པའི་ལོ་༡༥ཡི་རིང་ལ་བོད་པའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་གནས་ཡོད་པ་ཞིག་ཆགས་ཡོད།་གཉིས་པ་དེ་གོང་གསལ་བཞིན་ང་རང་ཚོའི་འདས་པའི་ལོ་རྒྱུས་ནང་ལ་ལས་བྱེད་༣༦ གིས་སྔ་རྗེས་སུ་འབད་བརྩོན་ལ་བརྟེན་ནས་ད་ལྟ་ཡང་གནས་ཐུབ་པ་དེ་རྒྱུ་མཚན་གཅིག་རེད།གསུམ་པ་ང་ཚོས་ལས་དོན་འདི་འདྲ་ཞིག་བྱེད་བར་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་གསར་འགྱུར་གྱི་བརྒྱུད་ལམ་ཚགས་ཤོག་དང་བརྙན་འཕྲིན་གློག་འཕྲིན་གང་འདྲ་ཞིག་དཔལ་འབྱོར་བསྡུ་རུབ་བྱས་ནས་རང་ཁ་རང་གསོ་ཞིག་རྩ་བ་ནས་ཡོད་མ་རེད། དཔལ་འབྱོར་གྱི་རྒྱབ་བརྟེན་མེད་དུས་ང་ཚོས་ལས་ཀ་དེ་བྱེད་ཐབས་མེད་པས་ཕྱིའི་རོགས་སྐྱོར་དང་ང་རང་ཚོའི་བོད་པས་རོགས་སྐྱོར་དེ་གསུམ་ལ་བརྟེན་ནས་མུ་མཐུད་ནས་འགྲོ་ཐུབ་པ་སོགས་བསྡོམས་བརྒྱབ་ན་དེ་གསུམ་ལ་ཐུག་ཡོད་པ་རེད།ཅེས་བརྗོད་སོང་།

ཡང་མ་འོངས་པའི་ལས་འཆར་སྐོར་ལ་མ་འོངས་པར་ང་རང་ཚོའི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ལ་ཐོག་མའི་དམིགས་ཡུལ་བཞིན་ཡོང་བ་དཀའ་ལས་ཁག་པོ་རེད། དེ་ཡོང་བ་དེ་ཡག་པོ་དང་སྡུག་པོ་གང་ཡིན་བཤད་ཚོད་ཐུབ་ཀྱི་མི་འདུག་ཏེ། སྤྱི་ཡོངས་ནས་བརྒྱུད་རིམ་དང་འཕེར་རིམ་་ཁ་ཕྱོགས་མི་འདྲ་བ་ཞིག་གི་སྟེང་ལ་འགྲོ་བསྡད་པའི་སྐབས་སུ། ང་ཚོས་དེའི་ཕྱོགས་ལ་བསམ་བློ་འདྲ་ཞིག་གཏོང་ནས་འགྲོ་མ་ཐུབ་པ་ཡིན་ན་ནུས་པ་ཆེན་པོ་མི་ཡོང་བས་ང་ཚོས་ད་ལོ་ཡིན་ན་བོད་ཡིག་དང་དབྱིན་ཡིག་གི་དྲ་རྒྱ་སྔར་ཡོད་པ་དེའི་སྟེང་ལ་རྣམ་པ་སྟབས་བདེའི་དྲ་རྒྱ་གསར་པ་བཟོས་ཡོད། དེ་རིང་ཁ་སང་དྲ་རྒྱའི་དུས་རབས་དང་ལྷག་པར་དུ་ལག་ཐོགས་ཁ་པར་བརྒྱུད་ནས་ལྟ་ཀློག་བྱེད་མཁན་ཧ་ཅང་མང་པོ་ཡིན་པས་རྒྱུ་མཚན་གྱིས་མཉེན་ཆས་བཟོས་པ་རེད། གང་ལྟར་དབྱིན་བོད་གཉིས་ཀྱི་ནང་ལ་ཡོད་པའི་མཉེན་ཆས་གསར་པ་ཞིག་བཟོས་ཡོད། སྔོན་མ་ཡིན་ན་ང་ཚོར་རྒྱ་ཡིག་ཡོད་རེད། དངོས་ཡོད་གནས་ཚུལ་བཤད་ན་རྒྱ་ཡིག་གི་ལས་ཀ་བྱེད་མཁན་རག་ཡང་མུ་མཐུན་དུ་བྱེད་མཁན་རག་རྒྱུ་ཧ་ཅང་ཁག་པོ་རེད་འདུག རྒྱུན་རིང་པོ་སྡོད་ཐུབ་པར་ཁག་པོ་ཡིན་དུས་མུ་མཐུད་ནས་ཡོང་མི་ཐུབ་པ་ཞིག་ཆགས་ཡོང་དུས་བར་ལམ་མེད་པ་ཆགས་པ་རེད། སྔོན་མའི་དྲ་རྒྱའི་ནང་ལ་རྒྱ་ཡིག་ཡོད་རེད་དེ་ད་ལྟའི་གསར་པའི་ནང་ལ་རྒྱ་ཡིག་མེད། དྲ་རྒྱའི་མཐུན་རྐྱེན་གྱི་འགྲོ་སོང་དེ་བོད་པ་རང་གི་ཞལ་འདེབས་གནང་པ་ཆགས་བསྡད་ཡོད་པ་དང་། མི་མང་པོ་ཡོད་པས་རེ་རེ་བཞིན་མིང་འབོད་མི་དགོས་པར་ཚང་མ་ལ་མཉམ་གཅིག་ཏུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐོག་མའི་སྐབས་ལ་གསར་འགྱུར་བརྒྱུད་རིམ་ཞིག་གིས་ང་ལ་སྐད་ཆ་དྲིས་དུས་ངས་ཚིག་གཅིག་ཞུས་ཡིན། གསར་འགྱུར་གྱི་ཆེད་ལས་ལ་ངས་ཉིན་མ་གཅིག་ཀྱང་བྱེད་མ་མྱོང་། བོད་ཡིག་གིས་འབྲི་སྟངས་ཏོག་ཙམ་ཤེས་ཡོད་པས་ནུས་པ་ཆེན་པོ་འདྲ་ཐོན་གྱི་ཡོད་མེད་མི་ཤེས་ཏེ། ཡིན་ཡང་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ནང་ལོག་ལ་ཆེད་ལས་གཅིག་ཅེས་གཅིག་གི་སྟེང་ལ་ལས་ཀ་བྱེད་ཐུབ་མཁན་ཅུང་དཀོན་པོ་རེད། དེ་འདྲ་ཡིན་དུས་ངས་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་ལ་བོད་ཡིག་ཚགས་པར་འགན་འཁུར་ནས་དུས་ཡུན་རིག་ཤོས་ཤིག་ལ་བྱེད་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡིན་ཞེས་ཕྱི་ལོ་༢༠༠༣ལོར་གསར་འགྱུར་བརྒྱུད་ལམ་གཅིག་ལ་ཞུས་པ་ཡིན། ཞེས་བརྗོད་སོང་།

དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་ཀྱི་བང་ཆེན་གསར་ཁང་གི་བོད་དབྱིན་གཉིས་ལྡན་གྱི་དྲ་རྒྱ་དང་། མཉེན་ཆས་གསར་པ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་དོན། དེ་རིང་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ནས་བོད་ཀྱི་བང་ཆེན་གསར་ཤོག་འདོན་འགྲེམས་གནང་ནས་ལོ་ངོ་ཧྲིལ་པོ་ ༡༥ འཁོར་དང་མཉམ་དུ་དེང་སྐབས་ཀྱི་མཉེན་ཆས་དང་དྲ་རྒྱ་སྒོ་འབྱེད་བྱེད་རྒྱུའི་ཐོག་ཕེབས་པའི་བཀུར་འོས་བོད་མི་མང་སྤྱི་འཐུས་དང་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འགན་འཛིན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་དང་བཀུར་འོས་ཕྱག་འབྲེལ་སྤྱི་འཐུས། དེ་བཞིན་བཙན་བྱོལ་སྤྱི་ཚོགས་ནང་གི་གསར་འགོད་པ་རྣམ་པ་བཅས་ལ་སྔ་དྲོ་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག་ངས་སྐད་ཆ་ཚིག་ཁ་ཤས་ཞུ་ན་ཞེས་གསུང་པ་རེད། རྩ་བའི་གསར་འགྱུར་རིག་པ་དང་། ལྷག་པར་འཕྲུལ་ཆས་དང་མཉེན་ཆས་རིགས་ལ་སློབ་སྦྱོང་རྩ་བ་ཉིད་ནས་བྱས་མ་མྱོང་མཁན་གྱི་གང་ཟག་ཅིག་ཆགས་ཡོད་སྟབས། དེ་དག་ཐོག་ལ་ཐུགས་ཕན་གསོ་བའི་བཀའ་མོལ་ཞུ་རྒྱུ་ངའི་ངག་ནས་ཐོན་གྱི་མ་རེད། འོན་ཀྱང་ང་ཚོའི་གནས་སྟངས་དང་མཐུན་པའི་ཐོག་ནས་ཚིག་ཁ་ཤས་ཤིག་ཞུ་ན་སྙམ་བྱུང་། ང་ཚོ་གཞི་རྩའི་བསམ་བློ་གཏོང་ས་གང་ཆགས་ཡོད་ཅེ་ན། བོད་ཀྱི་སྐད་ཡིག་ཐོག་ནས་བརྒྱུད་ལམ་འཚོལ་དགོས་རྒྱུ་ཆགས་ཡོད། བོད་ཀྱི་སྐད་ཡིག་ཐོག་ནས་བོད་རང་ལ་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་གང་ལྟར་ནང་དོན་རིག་པ་མཚོན་པའི་སྨན་གཞུང་སོགས་དེང་སང་གི་སྤྱི་ཚོགས་ནང་བཀོལ་སྤྱོད་བྱེད་ཐུབ་པ་མང་པོ་ཞིག་བོད་ཀྱི་སྐད་ཡིག་རང་གི་ཐོག་ནས་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད། ལྷག་པར་དུས་རབས་ ༢༡ ནང་འཕྲུལ་ཆས་ཀྱི་རིག་པ་དེ་ཚོ་ཧ་ཅང་ཤུགས་ཆེན་པོ་ཆགས་ཀྱི་ཡོད། དེ་དང་མཉམ་དུ་བོད་ཀྱི་སྐད་ཡིག་འདང་གི་རེད་དམ་མ་རེད་ཟེར་རྒྱུའི་དྲི་བ་རང་བཞིན་གྱི་སླེབ་ཀྱི་ཡོད། ལྷག་པར་དེང་སང་གི་སློབ་སྦྱོང་བྱེད་རྒྱུའི་སྡེ་ཚན་ནང་ཆབ་སྲིད་རིག་པ་དང་། ཚན་རིག དཔལ་འབྱོར་དང་ས་ཁམས་རིག་པ་སོགས་རིག་གནས་མང་པོའི་ནང་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་ཐུབ་དགོས་རྒྱུར་ང་ཚོས་འབད་བརྩོན་བྱེད་དགོས་རྒྱུ་གལ་ཆེན་པོ་ཆགས་སྟབས། དེ་དང་འབྲེལ་བའི་བའི་ཐོག་ནས་གསར་འགྱུར་སྡེ་ཚན་ཁག་དང་། ལྷག་པར་ཚགས་ཤོག་འདོན་འགྲེམས་བྱེད་མཁན་སྡེ་ཚན་དེ་ཚོ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་འདྲའི་ཐོག་ནས་དེ་རིང་བོད་ཀྱི་བང་ཆེན་འདོན་འགྲེམས་བྱས་ནས་ལོ་ ༡༥ འཁོར་བར་དམིགས་བསལ་འཚམས་འདྲི་དང་བསྔགས་བརྗོད་ཡོད།ཅེས་དང་།

ཡང་ཁོང་གིས་མཐུད་དུ་གསར་འགྱུར་སྡེ་ཚན་ནང་གསར་འགྱུར་རིག་པའི་གཞུང་ལུགས་ཐོག་ནས་མི་རིགས་དང་། ས་མཚམས། ཆབ་སྲིད་སོགས་ཀྱི་དབྱེ་བ་དང་སྡེ་ཚན་འབྱེད་པ་ཡིན་ན། རིག་པའི་གཞུང་ལུགས་དང་མི་མཐུན་པའི་གནས་སྟངས་ཤིག་དང་བགྲོ་གླེང་ཡོང་རྒྱུའི་གཞི་ཆགས་ཡོད། ང་རང་ཚོའི་གནས་སྟངས་ལ་དཔགས་པའི་ཐོག་ནས་གསར་འགྱུར་ཟེར་རྒྱུ་དེ་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་གསར་འགྱུར་འགོད་མཁན་གྱི་གང་ཟག་དེ་ཚོའི་ནང་ནས་རིགས་གཅིག་གིས་བཙན་བྱོལ་སྤྱི་ཚོགས་རང་གི་ཐོག་ནས་གནས་ཚུལ་མཁོ་སྒྲུབ་དང་། འདོན་རྒྱུ་ཙམ་རེད་མ་གཏོགས་དེ་ལས་གཞན་པའི་ཉེན་ཁ་ཆེ་བ་དམག་གི་འཐབ་རྩོད་ནང་གསར་འགྱུར་འགོད་སླད་འགྲོ་རྒྱུ་དེ་འདྲ་ནང་བཞིན་ཉེན་ཚབས་ཆེ་བའི་ས་ཁུལ་དུ་ཕེབས་ནས་གསར་འགྱུར་འགོད་རྒྱུ་ད་ལྟ་ཕལ་ཆེར་བསམ་བློ་འཁོར་མེད་པར་བརྟེན་ང་ཚོར་དེ་འདྲའི་ཉེན་ཁ་མེད། ཡིན་ནའང་ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་དང་མཐུན་པའི་ཐོག་ནས་གསར་འགྱུར་རིག་པ་ཟེར་རྒྱུ་དེ་གང་ལྟར་གསར་འགྱུར་འདོན་འགྲེམས་བརྒྱུད་ནས་སྤྱི་ཚོགས་ནང་གོ་བརྡ་འཕྲོད་ཐུབ་པ་དང་། ཕྱོགས་གཉིས་ནས་སྤྱི་ཚོགས་ཀྱིས་དོ་སྣང་དང་གདེང་ཚོད་སླེབ་ཐུབ་པ། ཕྱོགས་གཞན་ཞིག་ནས་གང་ལྟར་གསར་འགྱུར་ཟེར་རྒྱུ་དེ་ཕྱོགས་སུ་མ་ལྷུང་བ་ལྟ་བུ་འཇིགས་ཞུམ་ཆགས་སྡང་སྤངས་ནས་གསར་འགྱུར་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་འགོད་ཐུབ་དགོས་པ་དང་། དེའི་ཐོག་ནས་སྤྱི་ཚོགས་ཀྱི་དགོས་མཁོ་འགེངས་ཐུབ་དགོས་རྒྱུ་གལ་ཆེན་པོ་མཐོང་གི་འདུག དེ་འདྲའི་ཐོག་ནས་རྒྱུ་ཆ་ཡོང་ཁུངས་བསམ་བློ་གཏོང་བ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པ་འཕྲིན་ལས་ཆགས་ཀྱི་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་ལྷག་པར་བོད་ནང་གི་གནས་སྟངས་ནི་གནས་འགྱུར་ལས་རིམ་འདིའི་ཐོག་ནས་དངོས་ཡོད་གནས་ཚུལ་ཕྱི་ཕྱོགས་ལ་འདོན་ཐུབ་པ་དང་དེའི་ཐོག་དོ་སྣང་སླེབ་ཐུབ་པའི་རྒྱུ་ཆ་དེ་རྣམ་པ་ཚོའི་ངོས་ནས་བརྒྱུད་ལམ་འདྲ་མིན་ཐོག་ནས་གནང་ཐུབ་ན་བོད་ཀྱི་ཁོར་ཡུག་དང་ཆོས་དད་རང་དབང་། འགྲོ་བ་མིའི་ཐོབ་ཐང་། སྐད་ཡིག་རང་དབང་ཐོག་དོ་སྣང་གསར་པ་ཞིག་སླེབ་ཐུབ་ཀྱི་རེད་བསམ་གྱི་འདུགསྤྱིར་གསར་འགྱུར་འགོད་མཁན་དང་དོ་སྣང་གནང་མཁན་ཡིན་ནའང་འདྲ། ཕྱོགས་གཅིག་ནས་མིའི་རྣམ་དཔྱོད་དེ་བེད་དཔྱོད་གཏོང་ས་འདྲ་མིན་བཏང་སྟབས། འགྲིག་གི་མ་རེད་ཅེས་མཐའ་གཅིག་ཏུ་བརྗོད་ཐུབ་ཐབས་མེད་ཀྱང་སྤྱི་ཚོགས་ནང་ཟང་ཟིང་ཧ་ཅང་ཤུགས་ཆེན་པོ་ཡོང་རྒྱུའི་གཞི་དེ་འདྲ་ཡོད་ན། གསར་འགྱུར་འགོད་མཁན་དེ་ཚོས་དོ་སྣང་ཤུགས་ཆེ་བ་སླེབ་པ་དང་། དེའི་བརྒྱུད་ནས་གསར་འགྱུར་ཀློག་མཁན་དང་ལྟ་མཁན་ཡིན་ནའང་དོ་སྣང་ཆེ་བ་སླེབ་པ་ལྟ་བུ། དངོས་ཡོད་གནས་ཚུལ་སྤྱི་ཚོགས་ལ་ཁ་ཡོད་ལག་ཡོད་ཕན་ཐོགས་རྒྱུའི་གསར་འགྱུར་རིགས་ཐོན་པ་ཡིན་ན། དེར་གསར་འགྱུར་འགོད་མཁན་རྣམ་པ་ཡིན་ནའང་སྣང་ཆུང་ལྟ་བུ་དང་སྤྱི་ཚོགས་ནང་དོ་སྣང་ལྟ་བུ་མ་བྱས་སྟབས། ཁར་ཐུག་གནས་ཚུལ་གང་ཆགས་ཀྱི་ཡོད་མེད་ཞུ་ཐུབ་ཐབས་མེད་ཀྱང་ཕུགས་ལ་ཉེན་ཁ་ཤུགས་ཆེན་པོ་ཞིག་ཡོང་གི་ཡོད་པ་ཧ་ཅང་གསལ་པོ་རེད་འདུག་བསམ་གྱི་འདུག དེར་བརྟེན་མིའི་བསམ་བློ་ནང་གོ་རྟོགས་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད།ཅེས་གསུངས་སོང་།