20
Sat, Apr

བྷ་ཎ་ར་སི་ཧིན་དྷུའི་སློབ་ཆེན་དུ་བོད་དོན་བགྲོ་གླེང་དང་འགྲེམ་སྟོན་སྐབས་ཀྱི་པར་འགའ། པར་གྱི་བདག་དབང་གཉན་ཐར།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༣།༡༤ཉིན་སྤེལ། འདི་ཟླའི་ཕྱི་ཚེས་ ༩ ནས་ ༡༡ བར། རྒྱ་གར་བྷ་ཎ་ར་སི་ཧིན་དྷུའི་གཙུག་ལག་སློབ་གྲྭའི་ནང་གི་བོད་རིགས་སློབ་མའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག རིག་གཞུང་སྐོར་གྱི་གཏམ་བཤད། རིག་གཞུང་སྐོར་གྱི་འགྲེམ་སྟོན། རིག་གཞུང་སྐོར་གྱི་འཁྲབ་སྟོན་བཅས་གཙུག་ལག་སློབ་ཆེན་དེའི་སྒྱུ་རྩལ་ཚན་ཁག་གི་ཚོགས་ཁང་ཆེན་མོའི་ནང་དུ་སྐོང་ཚོགས་བྱས་ཡོད་འདུག

དེ་ཡང་ཚོགས་འདུའི་སྐབས་ཀྱི་བརྗོད་གཞི་ནི། རྒྱ་གར་དང་བོད་ཀྱི་རིག་གཞུང་གི་འབྲེལ་བ། རྒྱ་གར་དང་བོད་ཀྱི་སྲིད་དོན་ལོ་རྒྱུས་ཀྱི་འབྲེལ་བ། རྒྱ་གར་དང་བོད་ཀྱི་སྨན་རྩིས་ཀྱི་འབྲེལ་བ་བཅས་ཀྱི་སྐོར་ཡིན་འདུག

དེ་མིན། རིག་གཞུང་སྐོར་གྱི་འགྲེམ་སྟོན་ལ་རིག་མ་འདྲ་བ་ཁ་ཤས་ཤིག་ཡོད། གཅིག བཙན་བྱོལ་བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ཀྱི་བོད་ཀྱི་ལོ་རྒྱུས་སྐོར་གྱི་འགྲེམ་སྟོན། གཉིས། དྲིལ་བསྒྲགས་ཀྱི་རྒྱ་གར་དང་བོད་གཉིས་ཀྱི་འབྲེལ་ལམ་སྐོར་གྱི་འགྲེམས་སྟོན། གསུམ། ཝ་ར་ཎ་སིའི་གསོ་བ་རིག་པའི་གྱི་སྡེ་ཚན་གྱི་སྨན་ཐང་དང་སྨན་གྱི་བསྟན་བཅོས་ཁག་སྐོར་གྱི་འགྲེམ་སྟོན། བཞི། ཝ་རཱ་ཎ་སིའི་དབུས་བོད་ཀྱི་གཙུག་ལག་སློབ་གྲྭའི་ནང་གི་ཐང་ཀའི་སྐོར་གྱི་འགྲེམ་སྟོན། ལྔ། བྷ་ན་ར་སིའི་སློབ་ཆེན་དེར་ཡོད་པའི་སློབ་མ་མགོན་པོས་ཉར་ཚགས་དང་འགྲེམས་སྟོན་བྱེད་བཞིན་པའི་སྐད་རིགས་འདྲ་མིན་དུ་ཡོད་པའི་སྐོར་༧གོང་ས་མཆོག་གི་ལྗགས་དེབ་སྐོར་གྱི་འགྲེམ་སྟོན་བཅས་ཉིན་གསུམ་རིང་འགྲེམ་སྟོན་བྱས་ཡོད་འདུག

གཞན། རིག་གཞུང་ཁྲབ་སྟོན་ལ་ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གྲྭའི་ཟློས་གར་ཚན་པའི་ངོས་ནས་སྲོལ་རྒྱུན་གྱི་བཀྲིས་ཞོགས་པ་དང་། དེད་རབས་ཀྱི་ཆོལ་གསུམ་མཉམ་གཞིས། གཞན་ཡང་བྷ་ན་ར་སིའི་བོད་རིགས་སློབ་མ་རང་ངོས་ནས་མཉམ་གཞིས་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་གླུ་གར་དག་རྒྱ་གར་དང་རྒྱལ་སྤྱིའི་སློབ་མར་ཁྲབ་སྟོན་བྱས་འདུག

སྐབས་དེའི་མཉམ་ཞུགས་པ་དང་བོད་རིགས་སློབ་མའི་མཐུན་ཚོགས་ཀྱི་སློབ་སྟོན་པ་གཉན་ཐར་ལགས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་བྱས་པར། "སློབ་ཆེན་འདིའི་ངོས་ནས་བོད་ཀྱི་སྐོར་ལ་བགྲོ་གླེང་དང་འགྲེམ་སྟོན་བྱས་པ་ཐེངས་དང་པོ་ཆགས་ཡོད་པ་དང་། སྐབས་འདིའི་འགྲེམ་སྟོན་ཉིན་མོ་ནི་རྒྱ་གར་གྱི་སཱི་པན་དྷ་ཞེས་པའི་དུས་ཆེན་ཞིག་ལ་ཐུགས་ཡོད་པས་ན། འགྲེམ་སྟོན་ལ་ཕེབས་མཁན་ཧ་ཅང་མང་པོ་བྱུང་བ་མ་ཟད། དོ་སྣང་ཡོད་པའི་སྒོ་ནས་དྲི་བ་དྲིས་ལན་མང་པོ་བྱུང་སོང་།"ཅེས་དང་།

གཞན་ཡང་"སློབ་ཆེན་འདི་ལྟ་བུ་ཞིག་ལ་མཚོན་ན་རྒྱ་གར་རང་གི་སློབ་མ་ཆེས་མང་བའི་སློབ་གྲྭ་ཞིག་ཡིན་ན་ཡང་། སློབ་མ་མང་པོ་ཞིག་གིས་བོད་དང་བོད་ཀྱི་རིག་གཞུང་སྐོར་ནས་གང་ཡང་ཤེས་ཀྱིན་མི་འདུག་ལ། ཐ་ན་རེ་ཟུང་གིས་བོད་ཞེས་པ་དེ་མི་ཤེས་མཁན་ཡང་ཡོད་པ་དང་། ཡུལ་དུས་གང་ལ་བལྟས་ན་བོད་ཀྱི་སྐོར་ནས་གོ་རྟོགས་སྤེལ་རྒྱུ་དང་ངོ་སྤྲོད་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཏུ་མཐོང་ནས་ང་ཚོའི་སློབ་གྲྭ་འདིར་སློབ་གཉེར་བྱེད་བཞིན་པའི་བོད་རིགས་སློབ་མའི་མཐུན་ཚོགས་ཀྱི་ངོས་ནས་བྱེད་སྒོ་འདི་འདྲ་ཞིག་སྤེལ་བ་ཡིན།” ཞེས་བརྗོད་སོང་།

ཡང་སྐབས་འདིའི་ཚོགས་འདུར་ཞུགས་པའི་སྐུ་མགྲོན་གཙོ་བོ་དང་ཁོང་ཚོའི་བརྗོད་བྱང་ནི། ཐོག་མར་བོད་རིགས་སློབ་མིའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཤེས་རབ་ཆོས་འཕེལ་ལགས་ཀྱིས་བགྲོ་གླེང་དང་འགྲེམས་སྟོན་སྐོར་ངོ་སྤྲོད་གནང་རྗེས། ཝ་ར་ཎ་སི་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་རིག་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་༧གོང་ས་མཆོག་གི་ཐུགས་དགོངས་བཞི་ལས་རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་བྱས་ཏེ་དུས་རབས་ཉེར་གཅིག་པའི་དཀའ་ངལ་སེལ་བ་ཞེས་པའི་སྐོར་ནས་གཏམ་བཤད་གནང་བ།
ཝ་ར་ཎ་སི་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་གསོ་བ་རིག་པའི་སྡེ་ཚན་གྱི་འགན་འཛིན་རག་རྡོ་བློ་བཟང་བསྟན་འཛིན་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མིན་པའི་ཁྱད་ཆོས། རྒྱ་གར་གྱི་སྨན་དང་རྩིས་ཡི་རིག་པས་བོད་ལ་ཤུགས་རྐྱེན་ཐེབས་སྟངས་སྐོར་ནས་གཏམ་བཤད་གནང་བ། བྷ་ན་ར་སི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་ཆབ་སྲིད་ལོ་རྒྱུས་ཚན་ཁག་གི་འགན་འཛིན་འབུམ་རམས་པ་ཨ་ཇཱེ་ཕཱི་ར་ཐ་བྷ་(Dr. Ajay Pratap)ལགས་ཀྱིས་བོད་དང་རྒྱ་གར་གྱི་སྲིད་དོན་འབྲེལ་བའི་སྐོར་ནས་གཏམ་བཤད་གནང་བ་བཅས་དང་། ཚོགས་འདུ་འདིར་ཞུགས་པ་བོད་ཀྱི་དགོན་སྡེ་དང་སློབ་གྲྭ་བཅས་ས་གནས་ ༡༨ ལྷག་གི་མི་སྣ་དང་། རྒྱ་གར་གཙོས་ཨ་རི་དང་ཡོ་རོབ་སོགས་ཀྱི་དོ་སྣང་ཅན་བཅས་ཁྱོན་བསྡོམས་མི་གྲངས ༣༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག

དེ་མིན། བྷ་ན་ར་སི་ཧིན་ངྷུའི་བོད་རིགས་སློབ་མའི་མཐུན་ཚོགས་ནི་ཕྱི་ལོ་ ༢༠༡༤ ལོར་བཙུགས་ཤིང་། ཁོང་ཚོས་འཆར་ཅན་ལྟར་བོད་ཀྱི་དུས་ཆེན་ཁག་དང་གསུམ་བཅུའི་དུས་དྲན། མང་གཙོའི་དུས་དྲན་སོགས་སྲུང་བརྩི་བྱས་ཏེ། རྒྱ་གར་དང་རྒྱལ་སྤྱིའི་སློབ་མ་ཚོར་ངོ་སྤྲོད་གནང་གི་ཡོད་འདུག