16
Tue, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༢།༡༤ཉིན་སྤེལ། རྒྱ་ནག་གཞུང་གིས་སྲིད་སྐྱོང་མཆོག་ལྷོ་ཨ་ཕི་རི་ཀར་ཕེབས་པ་དེར་ངོ་རྒོལ་བྱས་པ་ནི་ཕྲུ་གུའི་བྱེད་སྟངས་ཤིག་ཡིན་པའི་སྐོར་དང་བོད་མིར་རྒྱབ་སྐྱོར་བྱ་རྒྱུ་ཟེར་བ་ནི་མི་རིགས་ཤིག་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ལས་སྐྱོབ་ཐབས་ཡིན་ལུགས་སྐོར། སྲིད་སྐྱོང་མཆོག་གིས་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་བའི་སྐོར་སོགས་ཕྱོགས་བསྡུས་བྱས་པའི་གནས་ཚུལ་འཁོད་ཡོད།

བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ Sandy Kalyan མཆོག་དང་ལྷན་དུ། ཕྱི་ལོ་  ༢༠༡༨ ཟླ་ ༢ ཚེས་ ༨ ཉིན་རྒྱབ་ཏུ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ཀེབ་ཊའོན་ Cape Town ནང་རྟེན་གཞི་བྱས་པའི་སི་ཊེ་ལེན་བྷོཤི་མཐོ་སློབ་ Stellenbosch University ཞེས་པའི་ཁྲིམས་ལུགས་རིག་པའི་ཚན་པའི་འགན་འཛིན་ Dean ནས་མགྲོན་འབོད་ལྟར། དོན་གཉེར་ཅན་གྱི་སློབ་ཕྲུག་ཁག་གཅིག་ལ་གསུང་བཤད་གནང་འདུག
དེ་ཡང་གྲོང་ཁྱེར་དེའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་མཐོ་སློབ་ཀྱི་རིགས་བདག་ Chancellor བརྒྱུད་སྲིད་སྐྱོང་མཆོག་མཐོ་སློབ་ཏུ་ཕེབས་རྒྱུར་འགོག་རྐྱེན་བཟོ་ཆེད་ཐབས་ཤེས་སྣ་ཚོགས་བྱས་ཀྱང་འགན་འཛིན་ Dean མཆོག་གིས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྩི་འཇོག་རྩ་བ་ནས་མ་གནང་བར་ཡུལ་དེའི་རྩ་ཁྲིམས་ནང་གསལ་མང་གཙོ་དང་འདྲ་མཉམ། རང་དབང་། དྲང་བདེན་སོགས་རིན་ཐང་དེ་དག་སྲུང་སྐྱོབ་ཐོག་དཔའ་མཛངས་ཆེན་པོས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་མགྲོན་འབོད་ཞུས་པ་ཙམ་མ་ཟད། དགེ་ལས་སློབ་ཕྲུག་ཁག་གཅིག་ལ་གསུང་བཤད་གནང་རྒྱུའི་གོ་སྐབས་ཡང་ཕུལ་ཡོད།
དེ་ཡང་སྲིད་སྐྱོང་མཆོག་གིས་སྐར་མ་ ༣༠ རིང་ཡུལ་དེའི་གཞི་རྩའི་བཟང་པོའི་རིན་ཐང་སྲུང་སྐྱོབ་དགོས་གལ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཁྲིམས་ལུགས་རིག་པའི་སློབ་ཕྲུག་རྣམས་ལ་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་སྐབས་ཚོགས་ཁང་གི་ཕྱི་རོལ་དུ་རྒྱ་ནག་གཞུང་ཚབ་ཁང་གི་གོ་སྒྲིག་འོག་རྒྱ་རིགས་སློབ་ཕྲུག་དང་མཐོ་སློབ་དེའི་ནང་ཁུང་རྩི་བསྟི་གནས་ཁང་ Confucius གི་སློབ་ཕྲུག དེ་བཞིན་གླ་རྔན་སྤྲད་པའི་ཡུལ་མི་གཞོན་སྐྱེས་བཅས་ཁྱོན་མི་གྲངས་བརྒྱ་སྐོར་ཙམ་ཞིག་གིས་ལག་ཏུ་རྒྱ་ནག་གཅིག་གི་སྲིས་བྱུས་དང་། ཁ་བྲལ་གྱི་ལས་འགུལ་མཚམས་འཇོག ཅེས་སོགས་འཁོད་པའི་འཕྲེད་དར་འཁྱེར་ནས་ངོ་བརྒོལ་སྐད་འབོད་ཤུགས་ཆེ་བྱས་འདུག
ཐེངས་འདིར་སྲིད་སྐྱོང་མཆོག་ལྷོ་ཨ་ཕི་རི་ཀའི་ནང་གཞུང་འབྲེལ་ཕྱོགས་ཕེབས་ཆེས་ཐོག་མ་ཡིན་ཡང་རྒྱ་ནག་གཞུང་གིས་འཕྲལ་མར་ཡུལ་དེའི་སྲིད་གཞུང་དང་མཐོ་སློབ་ཀྱི་རིགས་བདག་སོགས་བརྒྱུད་མཐོ་སློབ་ཏུ་ལོ་ལྟར་རྒྱ་ནག་གཞུང་གི་རོགས་དངུལ་སྤྲོད་རྒྱུ་དེ་མཚམས་འཇོག་བྱ་རྒྱུ་མ་ཟད།  ཡུལ་དེའི་ནང་རྒྱ་ནག་ཚོང་ལས་མ་འཛུགས་བྱ་རྒྱུ་མིན་པའི་ཉེན་བརྡ་སོགས་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གིས་ཐེངས་འདིར་སྲིད་སྐྱོང་མཆོག་ལྷོ་ཨ་ཕི་རི་ཀའི་ནང་གཞུང་འབྲེལ་ལས་དོན་སྤེལ་རྒྱུར་འགོག་རྐྱེན་བཟོ་ཐབས་བྱས་ཡོད་པར་བརྟེན་ཡུལ་དེའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ Sandy Kalyan མཆོག་གིས། རྒྱ་ནག་གཞུང་གིས་སྲིད་སྐྱོང་མཆོག་ལྷོ་ཨ་ཕི་རི་ཀ་ཕེབས་པར་ངོ་རྒོལ་བྱས་པ་ནི་ཕྲུ་གུའི་རྙོག་གྲ་བཤད་པ་དང་གཅིག་མཚུངས་ཡིན།  ཞེས་རྒྱ་ནག་གཞུང་གི་བྱེད་བབ་ལ་དེ་རིང་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
དེ་ཡང་ལྕམ་སྐུ་མཆོག་གིས། ང་ཚོས་རྒྱ་ནག་གཞུང་གི་གཡོ་བྱུས་འོག་གནོན་ཤུགས་དེ་རིགས་འཁྱེར་ཐུབ་ཐབས་རྩ་བ་ནས་མེད། གལ་ཏེ་རྒྱ་ནག་གཞུང་གིས་ཡུལ་འདིར་ཚོང་འབྲེལ་བྱ་འདོད་མེད་ཚེ་འདིར་སྡོད་དགོས་མེད། ཕར་ལོག་ཕྱིན་ན་འགྲིག་པ་རེད།  ཨ་ཕི་རི་ཀའི་གླིང་ཆེན་གྱི་མངའ་ཁོངས་མིན་པ་ཕྱི་ནས་ང་ཚོར་གནོན་ཤུགས་སྤྲོད་རྒྱུའི་དུས་ཚོད་དེ་སྔ་ནས་རྫོགས་ཟིན། ཞེས་གསུངས་འདུག
གཞན་ཡང་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཡུལ་དེའི་ཕྱི་དྲིལ་ལས་ཁུངས་ The Department of International Relations and Cooperation ནས་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་ཁང་ལ་སྲིད་སྐྱོང་མཆོག་ཕྱོགས་ཕེབས་ཀྱི་གནད་དོན་དེ་མངོན་ཆུང་བྱེད་དགོས་པའི་ཉེན་བརྡའང་བཏང་འདུག  དེར་བརྟེན་ཡུལ་དེའི་གྲོས་ཚོགས་ཀྱི་མང་གཙོ་མནའ་འབྲེལ་ཚོགས་པས་ཕྱི་དྲིལ་ལས་ཁུངས་ལ་ DIRCO རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཛུ་མའི་སྲིད་གཞུང་གིས་ཐེངས་འདིར་མཐོ་སློབ་ཁང་དང་སྐུ་ཚབ་དོན་ཁང་སོགས་ལ་ཉེན་བརྡ་གཏོང་དགོས་པའི་རྒྱུ་མཚན་གསལ་བཤད་དང་།  སྲིད་གཞུང་གིས་རྒྱ་ནག་གཞུང་ལ་མ་འོངས་པར་བོད་མི་རྣམས་ཡུལ་འདིའི་ནང་ཡོང་རྒྱུར་འགོག་རྐྱེན་བཟོ་རྒྱུའི་ཁས་ལེན་བྱས་པའི་སྐོར་གསལ་བཤད་ངེས་པར་དུ་དགོས་པའི་ཡེ་གེ་གཏོང་རྒྱུ་ཡིན་འདུག   བྱེད་བབ་འདི་ནི་ཡུལ་འདིའི་རྩ་ཁྲིམས་ཀྱི་འབྲུ་དོན་དང་ཡོངས་སུ་བརྒལ་བ་ཞིག་ཡིན་པ་ལྕམ་སྐུ་མཆོག་གིས་གསུངས།
སྤྱིར་ལྕམ་སྐུ་མཆོག་སྔ་ལོར་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་སུ་མཉམ་ཞུགས་གནང་ཆེད་བཞུགས་སྒར་དུ་ཕེབས་ཡོད།
དེ་ཡང་དྲིལ་བསྒྲགས་དྲུང་ཆེའི་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གནད་དོན་འདི་དང་འབྲེལ་ནས་གསུང་དོན། ཡ་མཚན་པ་ཞིག་ལ་ངོ་རྒོལ་བྱེད་མཁན་ཚོའི་ལག་ཏུ་རྒྱ་ནག་གཅིག་གི་སྲིད་བྱུས། ཟེར་བའི་སྦྱར་ཡིག་འཁྱེར་འདུག བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་ཐབས་བྱེད་བཞིན་པ་ལས། རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་རྩོད་ཀྱི་མེད། དེར་བརྟེན་བོད་མིའི་འཐབ་རྩོད་འདི་རྒྱ་གར་གྱི་ས་ཁྱོན་ཆིག་སྒྲིལ་གྱི་བདག་དབང་ལ་གནོད་པ་ཞིག་གཏན་ནས་མིན། དེས་གང་མཚོན་བཞིན་ཡོད་ཅེས་བརྗོད་པ་ཡིན་ན། ཐེངས་འདིར་ངོ་རྒོལ་བ་རྣམས་ཀྱིས་དངོས་ཡོད་གནས་ཚུལ་གང་ཡིན་གསལ་པོ་མ་རྟོགས་པའམ་ཡང་ན་གནས་ཚུལ་འཁྱོགས་བཤད་བྱས་ནས་ངོ་རྒོལ་ལ་སླེབ་པ་ཞིག་ཡིན་པ་ཧ་ཅང་གསལ་པོ་རེད། བོད་མིའི་འཐབ་རྩོད་ནི་ལྷོ་ཨ་ཕི་རི་ཀའི་ཡུལ་གྱི་རྩ་ཁྲིམས་ནང་གསལ་བདེན་པ་དང་འཚེ་བ་མེད་པ། འདྲ་མཉམ། མང་གཙོ་སོགས་གཞི་ལ་བཞག་པའི་ལས་འགུལ་ཞིག་ཡིན། ཞེས་གསུངས་འདུག

དེ་ཡང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་༢༠༡༨ཟླ་༢ཚེས་ ༨ ཉིན་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ཀེབ་ཊའོན་ Cape Town ནང་རྟེན་གཞི་བྱས་པའི་ཨུ་བྷུན་ཏུ་ལུས་སེམས་བདེ་ཐབས་ཀྱི་བསྟི་གནས་ཁང་ Ubuntu Wellness Centre དུ་ཕེབས་ཏེ་ཞི་བདེའི་མེ་ལྕེའི་ Peace Torch གོམ་འགྲོས་ལས་འགུལ་དབུ་འཛུགས་གནང་འདུག
སྐབས་དེར་ལྷོ་ཨ་ཕི་རི་ཀ་ཨིན་ཁ་ཐ་རང་དབང་ཆབ་སྲིད་ཚོགས་པའི་ Inkatha Freedom Party ཚོགས་གཙོ་རྒྱལ་སྲས་མོན་གྷོ་སུ་ཐེ་བྷུ་ཐེ་ལེ་ཛི་ Mangosuthu Buthelezi མཆོག་ཀྱང་ཕེབས་འདུག་པ་མ་ཟད། དབུ་ཁྲིད་རྣམ་གཉིས་ཀྱིས་ཞི་བདེའི་མེ་ལྕེ་ཞལ་ཕྱེ་གནང་གྲུབ་བསྟུན་བོད་མི་རྣམས་ཀྱིས་མེ་ལྕེ་ལག་ཏུ་ཐོགས་ནས་བོད་དོན་ཆེད་ཞི་བའི་གོམ་འགྲོས་ཀྱི་ལས་འགུལ་སྤེལ་འདུག

སྤྱིར་མེ་ལྕེའི་ལས་འགུལ་དབུ་འཛུགས་གནང་མཁན་ཡུལ་དེའི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨ་ཡན་མེག་ཕར་ལེན་ Ian MacFarlane ལགས་ཀྱི་གཞུང་འབྲེལ་མིན་པའི་ལྷོ་ཨ་ཕི་རི་ཀའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ SA Friends of Tibet ཞེས་པ་དེ་ཡིན་འདུག་ཅིང་། མཛད་སྒོའི་སྐབས་ཨིན་ཁ་ཐ་རང་དབང་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ན་རེནྜ་སིངྒ་ Mr Narend Singh མཆོག་དང་། ལྕམ་སྐུ་ལེ་ཛེལ་ཝེན་ཌར་མར་ཝེ་ Ms Liezl van der Merwe མཆོག སྐུ་ཞབས་རུ་སེལ་ Inkosi Russel Cebekhulu མཆོག རང་དབང་ཆབ་སྲིད་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཨིན་ཀོ་སི་བྷུ་ཐེ་ལེ་ཛི་ Inkosi Elphas Buthelezi མཆོག དེ་བཞིན་རྒྱལ་ཡོངས་ན་གཞོན་ཨིན་ཁ་ཐ་རང་དབང་ཆབ་སྲིད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཁུ་ལེ་ཀོ་ཧེན་གྷ་ Mr Mkhuleko Hlengwa ལགས།  དེ་བཞིན་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་བཅས་ཕེབས་འདུག

སི་ཊེ་ལེན་བྷོཤི་མཐོ་སློབ་ Stellenbosch University ཀྱི་ཁྲིམས་ལུགས་རིག་པའི་སློབ་མ་རྣམས་ལ་གསུང་བཤད་གནང་འདུག
 
དེ་ཡང་མཛད་སྒོའི་གསུང་བཤད་གནང་སྐབས་རྒྱལ་སྲས་མོན་གྷོ་སུ་ཐེ་བྷུ་ཐེ་ལེ་ཛི་ Mangosuthu Buthelezi མཆོག་གིས། ལྷོ་ཨ་ཕི་རི་ཀའི་རྩ་ཁྲིམས་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པ་གསལ་ཡོད་སྟབས། རྩ་ཁྲིམས་ཀྱི་དགོངས་དོན་ལྟར་ང་ཚོས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་འགུལ་ལའང་རྒྱབ་སྐྱོར་བྱེད་དགོས་པ་ཞིག་རེད། བོད་མིར་རྒྱབ་སྐྱོར་བྱ་རྒྱུ་ཟེར་བ་ནི་མི་རིགས་ཤིག་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ལས་སྐྱོབ་ཐབས་བྱས་པ་ཞིག་རེད།  འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནི་རྒྱལ་ཁབ་བྱེ་བྲག་པ་ཞིག་གི་གནད་དོན་ཙམ་མིན་པར་འཛམ་གླིང་སྤྱིའི་མི་རིགས་ཡོངས་ལ་ཁྱབ་པའི་གནད་དོན་ཞིག་ཆགས་ཡོད། དེར་བརྟེན་ང་ཚོ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་པའི་ཆ་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་འགྲོ་བ་མི་རིགས་སྤྱི་ལ་འཁྲིད་པའི་ལས་འགན་ཞིག་ཀྱང་ཆགས་ཡོད། ཅེས་གསུངས་འདུག

སྲིད་སྐྱོང་མཆོག་གིས་ལྷོ་ཨ་ཕི་རི་ཀའི་ཡུལ་གྱི་རང་དབང་དང་འདྲ་མཉམ། དྲང་བདེན་སོགས་གཞི་རྩའི་ལྟ་གྲུབ་ཀྱི་རིན་ཐང་དེ་དག་སྲུང་སྐྱོབ་སླད་ལོ་རྒྱུས་ནང་བློས་གཏོང་ཇི་ཙམ་གནང་ཡོད་པ་དང་། དེ་བཞིན་བོད་ཀྱི་གནད་དོན་སྐོར་གསུང་སྐབས་བོད་མཐོ་སྒང་དེ་ཨེ་ཤིའི་མི་འབོར་ཐེར་འབུམ་མང་པའི་འཚོ་བའི་རྟེན་གཞི་འཐུང་ཆུའི་འབྱུང་ཁུངས་ཆགས་ཡོད་པ་དང་།  ལྷོ་ཨ་ཕི་རི་ཀའི་ནང་དེང་སྐབས་འཐུང་ཆུ་མ་འདང་བའི་དཀའ་ངལ་མགྱོགས་མྱུར་སེལ་ཐུབ་པའི་རེ་སྨོན་ཡོད་སྐོར་གསུངས།
ཉིན་རྒྱབ་ཏུ་སྲིད་སྐྱོང་མཆོག་གིས་སི་ཊེ་ལེན་བྷོཤི་མཐོ་སློབ་ Stellenbosch University ནང་གི་ཁྲིམས་ལུགས་རིག་པའི་ཚན་པ་ནས་མགྲོན་འབོད་ལྟར། དོན་གཉེར་ཅན་གྱི་སློབ་ཕྲུག་ཁག་གཅིག་ལ་གསུང་བཤད་གནང་འདུག སྤྱིར་ཡུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་མཐོ་སློབ་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོཨཟང་ཕེབས་ན་རྩ་བ་ནས་མ་འགྲིག་པའི་ཉེན་བརྡ་བཏང་བ་བརྒྱུད་གནོན་ཤུགས་ཧ་ཅང་སྤྲད་ཡོད་ཀྱང་། མཐོ་སློབ་དེས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྩི་མེད་བཏང་ནས་ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་མགྲོན་འབོད་ཞུས་པ་མ་ཟད།  དགེ་ལས་སློབ་མ་རྣམས་ལ་གསུང་བཤད་གནང་རྒྱུའི་གོ་སྐབས་ཀྱང་ཕུལ་འདུག  སྲིད་སྐྱོང་མཆོག་གིས་སྐར་མ་ ༣༠ རིང་ཡུལ་དེའི་གཞི་རྩའི་བཟང་པོའི་རིན་ཐང་སྲུང་སྐྱོབ་དགོས་གལ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་སྐབས་ཚོགས་ཁང་གི་ཕྱི་རོལ་དུ་རྒྱ་ནག་གཞུང་ཚབ་ཁང་གི་གོ་སྒྲིག་འོག་རྒྱ་ནག་སློབ་ཕྲུག་དང་ཁུལ་དེར་གནས་སྡོད་རྒྱ་རིགས་ཁག་གཅིག་གིས་ལག་ཏུ་རྒྱ་ནག་གཅིག་གི་སྲིས་བྱུས་དང་། ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་དགོས་ཞེས་སོགས་འཁོད་པའི་འཕྲེད་དར་ལག་ཏུ་འཁྱེར་ནས་གསུང་བཤད་གནང་སའི་ཚོགས་ཁང་གི་ཕྱི་རོལ་དུ་ངོ་བརྒོལ་སྐད་འབོད་ཤུགས་ཆེ་བྱས་འདུག འོན་ཀྱང་བོད་མིའི་སྒྲིག་འཛུགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་རྩོད་ཀྱི་མེད།  དེ་ནི་རྒྱ་ནག་གཅིག་གི་སྲིད་བྱུས་དང་བདག་དབང་ལ་རྒྱབ་འགལ་ཆགས་ཀྱི་མེད།
 
སྲིད་སྐྱོང་མཆོག་གིས་མཐོ་སློབ་ཀྱི་སློབ་དཔོན་དང་དགེ་ལས་ཡོངས་ནས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྩི་མེད་ཀྱིས་ཐེངས་འདིར་སྲིད་སྐྱོང་མཆོག་མགྲོན་འབོད་ཞུས་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད།
ཕྱི་དྲོར་སྲིད་སྐྱོང་མཆོག་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ནེལ་སོན་མན་ཌེ་ལ་ (Nelson Mandela) མཆོག་གིས་གཙོས་ཆབ་སྲིད་བཙོན་པ་བརྒྱ་ཕྲག་ལྷག་ཀྱིས་ལྷོ་ཨ་ཕི་རི་ཀའི་མི་མང་གི་ཐོབ་ཐང་དང་རང་དབང་སླད་རང་གི་ལུས་སྲོག་དང་ནང་མི་ཚུན་ཆད་བློས་བཏང་གནང་བར་གུས་བཀུར་ཞུ་ཆེད་རོ་བྷེན་ཨ་ཡི་ལེན་ཌིར་  Robben Island ཆེད་ཕེབས་གནང་ཡོད།།

ཕྱི་ཚེས་ ༨ ཉིན།  བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལྷོ་ཨ་ཕི་རི་ཀའི་རྒྱལ་ས་ཀེབ་ཊའུན་ནང་རྟེན་གཞི་བྱས་པའི་ཨིན་ཀ་ཐ་རང་དབང་ཆབ་སྲིད་ཚོགས་པའི་ Inkatha Freedom Party འགན་འཛིན་དང་ཚོགས་པ་གསར་འཛུགས་གནང་མཁན་རྒྱལ་སྲས་སྐུ་ཞབས་མན་གྷོ་སུ་ཐུ་བྷུ་ཐེ་ལེ་ཛི་ Prince Mangosuthu Buthelezi མཆོག་གིས་གཙོས་ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་འདུག
དབུ་ཁྲིད་རྣམ་གཉིས་ཉིན་གུང་གསོལ་ཚིགས་ལྷན་བཞེས་གནང་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་ཕི་རི་ཀའི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་དང་འབྲེལ་གསུང་དོན།  ལྷོ་ཨ་ཕི་རི་ཀའི་རང་དབང་འཐབ་རྩོད་ནི་དྲང་བདེན་དང་། འདྲ་མཉམ།  རང་དབང་བཅས་གཞི་རྩར་བཞག་པའི་འཐབ་རྩོད་ཞིག་ཡིན་སྟབས། ལྷོ་ཨ་ཕི་རི་ཀས་ཡུལ་འདིའི་བཟང་པོའི་རིན་ཐང་དང་ལྟ་གྲུབ་དེ་དག་མུ་མཐུད་ལག་བསྟར་རྒྱུན་སྐྱོང་གནང་ནས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་གདོང་ལེན་གནང་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད། ང་རང་ལ་མཚོན་ན་ཡུལ་འདིར་ཆེས་ཐོག་མ་བཅར་རྒྱུ་བྱུང་བར་དགའ་སྤོབས་ཧ་ཅང་བྱུང་།  ཞེས་གསུངས་པ་མ་ཟད། བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གསུངས་པ་དང་སྦྲགས། རྒྱལ་སྲས་མཆོག་ནི་བོད་མིར་ཧ་ཅང་སེམས་ཐག་ཉེ་བའི་གྲོགས་པོ་བློས་ཐུབ་གཅིག་ཡིན་པ་མ་ཟད། བོད་ཀྱི་རྩ་དོན་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཞུ་མཁན་ཞིག་རེད། ཅེས་གསུངས་འདུག
སྐབས་དེར་རྒྱལ་སྲས་མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཐེངས་འདིར་ལྷོ་ཨ་ཕི་རི་ཀའི་ཡུལ་དུ་ཕེབས་པར་དགའ་བསུའི་འཚམས་འདྲི་ཡོད་སྐོར་གསུངས་པ་དང་སྦྲགས།
རྒྱལ་སྲས་རང་ཉིད་ལ་མཚོན་ན་དབུ་མའི་ལམ་གྱི་སྲིད་བྱུས་དང་ལྔ་དང་ལྔ་བཅུའི་འཆར་སྣང་ལ་
རྒྱབ་སྐྱོར་གནང་མཁན་ཞིག་དང་། བོད་མིའི་གནས་སྟངས་ཐོག་སེམས་ཁུར་ཧ་ཅང་གནང་མཁན་ཞིག་ཡིན་ཞིང་།  བོད་ལ་ཚད་མཐོའི་རང་སྲིད་རང་སྐྱོང་གི་གནས་བབ་གཅིག་འོག་ནས་བོད་མིར་རང་དབང་སླར་གསོ་ཡོང་སླད་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་སྐོར་དང་།  ཐེངས་འདིར་སྲིད་སྐྱོང་མཆོག་ནས་རྒྱལ་སྲས་ཀྱི་མགྲོན་འབོད་གནང་བ་ལྟར་ཆེད་མངགས་ཡུལ་དེར་ཕེབས་པར་སྲིད་སྐྱོང་མཆོག་ལ་ཐུགས་རྗེ་ཆེ་གསུངས་པ་དང་སྦྲགས།  སྤྱིར་མཛད་རིམ་སྔོན་སོང་ལྟར་ན་ཕྱི་ཚེས་ ༨ ཉིན་ཡུལ་དེའི་གྲོས་ཚོགས་ནང་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་ནས་རྒྱལ་ཡོངས་གྲོས་ཚོགས་གཏམ་བཤད་སྐབས་སྲིད་སྐྱོང་མཆོག་ཀྱང་ཟུར་ཉན་དུ་མཉམ་ཞུགས་གནང་འཆར་ཡོད་ཀྱང་རྒྱལ་ནང་གི་ཆབ་སྲིད་ཀྱི་གནད་དོན་ཞིག་གིས་རྐྱེན་པས་གཏམ་བཤད་ལས་རིམ་གློ་བུར་ཕར་འགྱངས་བྱུང་བར་བརྟེན་སྲིད་སྐྱོང་མཆོག་ལ་དགོངས་སེལ་ཞུས་ཡོད།

སྲིད་སྐྱོང་མཆོག་ནས་ཀྱང་རྒྱལ་སྲས་མཆོག་གིས་ད་བར་བོད་མིའི་བདེན་པ་དང་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་གནང་དང་གནང་མུས་ལ་བཀའ་ཤག་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུས་འདུག

ཕྱི་ཚེས་ ༤ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལྷོ་ཨ་ཕི་རི་ཀའི་ South Africaཇོ་ཧན་ནེསི་བྷག་Johannesburg གྲོང་ཁྱེར་དུ་ཐེངས་དང་པོར་ཕེབས་འབྱོར་བྱུང་འདུག གནམ་ཐང་དུ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང་ལམ་རིམ་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱིས་ཕེབས་བསུ་ཞུས་འདུག
ཐེངས་འདིར་སྲིད་སྐྱོང་མཆོག་གྲོང་ཁྱེར་དེའི་ནང་རྟེན་གཞི་བྱས་པའི་ལམ་རིམ་ཆོས་ཚོགས་དང་གསར་འགྱུར་ལས་ཁུངས་ཁག་གཅིག་ནང་ཕེབས་ནས་བཅར་འདྲི་དང་ལེན་གནང་འདུག སྤྱིར་ཐེངས་འདིར་ལྷོ་ཨ་ཕི་རི་ཀ་གྲོས་ཚོགས་ཀྱི་ཨིན་ཀ་ཐ་ཆབ་སྲིད་ཚོགས་པས་སྲིད་སྐྱོང་མཆོག་ལ།  ཕྱི་ཚེས་ ༨ ཉིན་ཡུལ་དེའི་གྲོས་ཚོགས་འཚུགས་སྐབས་སྲིད་འཛིན་ཛུ་མ་མཆོག་གི་རྒྱལ་ཡོངས་གཏམ་བཤད་གནང་རྒྱུའི་མཛད་སྒོ་གལ་ཆེའི་ཐོག་ཆེད་མངགས་མགྲོན་འབོད་ཞུས་ཡོད་ཀྱང་། རྒྱལ་ནང་གི་ཆབ་སྲིད་ཀྱི་གནད་དོན་ཞིག་གིས་རྐྱེན་པས་མཛད་སྒོ་འཕར་འགྱངས་གནང་དགོས་བྱུང་འདུག

ཕྱི་ཚེས་ ༦ ཉིན་གྱི་ཕྱེད་ཡོལ་སྲིད་སྐྱོང་མཆོག་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ཀེབ་ཊ་འོན་ Cape Town ནང་ཕེབས་སྐབས་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག