19
Fri, Apr

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་དང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ། བོད་ཀྱི་དཔེ་མཛོད་ཁང་གི་དྲུང་ཆེ་ངག་དབང་བསམ་ཡེ་ཤེས་ལགས་བཅས། པར་བ་ཆོས་ཉིད།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༡།༡༡ཉིན་སྤེལ། ༼ལྕགས་ཡོས་བོད་རྒྱའི་གྲོས་མཐུན་༽དང་། ༼པཎ་ཆེན་རིན་པོ་ཆེ་འཚོལ་ཞིབ་༽ དེ་བཞིན་༼གློ་རྒྱལ་ཕྲན་༽ཞེས་པའི་ལོ་རྒྱུས་ཀྱི་དཔེ་དེབ་གསུམ་དབུ་འབྱེད་བྱས་སོང་།

ཟླ་འདིའི་ཕྱི་ཚེས་༡༠ ཉིན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་གྱིས་བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་བྱས་པའི་༼ལྕགས་ཡོས་བོད་རྒྱའི་གྲོས་མཐུན་༽དང་། ༼པཎ་ཆེན་རིན་པོ་ཆེ་འཚོལ་ཞིབ།༽ ༼གློ་རྒྱལ་ཕྲན་༽ཞེས་པའི་ལོ་རྒྱུས་ཀྱི་དཔེ་དེབ་གསུམ་ དྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དབུ་འབྱེད་བྱས་སོང་།

 མཛད་སྒོའི་ཐོག་མར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་གྱིས་ཕེབས་བསུ་དང་མཛད་སྒོ་ངོ་སྤྲོད་གནང་སྐབས། ནམ་རྒྱུན་དཔེ་མཛོད་ཁང་གིས་དེབ་མང་པོ་པར་སྐྲུན་བྱེད་བཞིན་ཡོད་སྟབས། དེ་དག་ཚང་མར་དབུ་འབྱེད་མཛད་སྒོ་འཚོགས་ཐུབ་ཀྱི་མེད་ཀྱང་། ད་ཐེངས་ཕྱོགས་གཅིག་ནས་དཔེ་དེབ་གསུམ་པར་སྐྲུན་ཟིན་པ་གང་ཞིག་ལ་གནད་འགག་གང་འཚམ་ཡོད་པ་ཆགས་ཀྱི་ཡོད་སྟབས་དབུ་འབྱེད་མཛད་སྒོ་འཚོགས་པ་ཡིན། ད་ཐེངས་ཀྱི་དཔེ་དེབ་གསུམ་ཀ་བོད་ཀྱི་ལོ་རྒྱུས་དང་འབྲེལ་བ་ཡོད་པ་ཆགས་ཀྱི་ཡོད་པ་མ་ཟད། བོད་པའི་མང་ཚོགས་ནས་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་རེད། ཅེས་གསུང་སོང་།

 དེ་རྗེས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་གྱིས། རྒྱལ་སྤྱིའི་ནང་གི་གནད་དོན་མང་པོ་ཞིག་གི་གྲུབ་འབྲས་དེ་དམག་འཁྲུག་སུ་ལ་ཐོབ་མིན་གྱི་སྐད་ཆ་མིན་པར། རྒྱལ་སྤྱིའི་སྡིངས་ཆའི་སྒང་ལ་ལོ་རྒྱུས་སུས་ཡག་པོ་བཤད་ཐུབ་ན་དེ་ལ་གྲུབ་འབྲས་ཐོབ་རྒྱུ་ཡིན་པ། ཧ་ཝར་ཌི་མཁས་དབང་ཞིག་གིས་གསུངས་ཡོད་པ་ལྟར། བོད་ཀྱི་སྒྲུང་དེ་བོད་པ་རང་གིས་བདག་པོ་རྒྱག་རྒྱུ་དང་། ལོ་རྒྱུས་ཐོག་ཞིབ་འཇུག་བྱས་ནས་དེ་གཞན་ལ་བཤད་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། ལས་དོན་གལ་ཆེན་དེའི་ཐོག་བོད་ཀྱི་དཔེ་མཛོད་ཁང་ནས་འགན་འཁུར་ཆེ་བཞེས་གནང་བཞིན་པར་ལེགས་གསོའི་བསྔགས་བརྗོད། གཞན་ཡང་དཔེ་དེབ་རྩོམ་པ་པོས་ཇི་ལྟར་བརྩམས་པའི་ཚུལ་སོགས་ཀྱི་སྐོར་སྙིང་བསྡུས་གསུངས་སོང་།

 དེབ་དེ་གསུམ་ནི། ༼ལྕགས་ཡོས་བོད་རྒྱའི་གྲོས་མཐུན་༽ཞེས་པ་ནི་བོད་ཀྱི་དཔེ་མཛོད་ཁང་གི་རྒྱ་ཡིག་སྡེ་ཚན་གྱི་ལས་བྱེད་བྱམས་པ་བསྟན་འཛིན་གྱིས་བརྩམས་ཞིང་། ༼པཎ་ཆེན་རིན་པོ་ཆེ་འཚོལ་ཞིབ་༽ཅེས་པའི་དཔེ་དེབ་དེ་ནི་ལྕམ་ཨི་ཛ་བྷེལ་ཧིལ་ཊོན་གྱིས་བརྩམས་ཏེ། བོད་ཀྱི་དཔེ་མཛོད་ཁང་གི་རྒྱ་ཡིག་སྡེ་ཚན་གྱི་ལས་བྱེད་བྱམས་པ་བསྟན་འཛིན་གྱིས་བོད་སྒྱུར་བྱས་པ་ཞིག་ཡིན་འདུག་ཅིང་། ༼གློ་རྒྱལ་ཕྲན་༽ཞེས་པའི་དཔེ་དེབ་དེ་ནི་རྒྱ་གར་གྱི་མཁས་པ་ར་མེཤ་ཀུ་མར་ཌྷུང་གེལ་གྱིས་བརྩམས་ཏེ། ཝ་ར་ན་སིར་སློབ་གཉེར་གནང་བཞིན་པ་ངག་དབང་ལྷུན་གྲུབ་ཀྱིས་བོད་སྒྱུར་བྱས་པ་ཞིག་ཡིན་འདུག་པ་བཅས།།