19
Fri, Apr

༧གོང་ས་མཆོག་བཞུགས་སྒར་གནམ་ཐང་དུ་ཞབས་སོར་འཁོད་གནང་མཛད་བཞིན་པ། པར་དབང་དབུས་བོད་མིའི་སྒྲིག་འཛུགས་ལ་ཡོད།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༧གོང་ས་མཆོག་གིས་བོད་རིགས་ཁ་ཆེའི་སློབ་ཕྲུག་དང་ཚོང་པ་སོགས་ལའང་མཇལ་ཁ་དང་བཀའ་སློབ་སྩལ་བ་སོགས་མཛད་འཕྲིན་ཁག་ཡོངས་སུ་ལེགས་གྲུབ་རྗེས་ཕྱི་ཚེས་ ༢༤ ཉིན་བཞུགས་སྒར་དུ་ྋཞབས་སོར་བདེ་བར་འཁོད་སོང༌།

དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢།༣༠ ཙམ་ལ་བཞུགས་སྒར་དུ་ྋཞབས་སོར་འཁོད་གནང་མཛད།  གྷ་གལ་གནམ་ཐང་དུ་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནསམ་བསྟེན་འཕེལ་མཆོག  ཚོགས་གཞོན་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག  དེ་བཞིན་སྤྱི་འཐུས་རྒྱུན་ལས་ཁག་གཅིག  རྡ་ས་ས་གནས་འགོ་འཛིན་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག   དེ་རྗེས་གནམ་ཐང་ནས་བཞུགས་སྒར་དུ་ཆིབས་སྒྱུར་སྐྱོང་སྐབས་ཕེབས་ལམ་དུ་བོད་མི་གཙོ་བོར་གྱུར་བའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་ཞུས་འདུག

ཐེངས་འདིར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་ལྡི་ལིར་ྋཞབས་སོར་འཁོད་རྗེས་ཕྱི་ཚེས་ ༡༨ ཉིན་ཁུལ་དེར་རྟེན་གཞི་བྱས་པའི་སལ་བན་ Gyan Devi Salwan Public School གཞུང་གི་སློབ་གྲྭར་ཀུན་ཁྱབ་འགན་ཁུར་ཐོག་བཀའ་སློབ་སྩལ།

ཕྱི་ཚེས་ ༡༩ ཉིན་ལྷོ་ཕྱོགས་ལྡི་ལིར་རྟེན་གཞི་བྱས་པའི་བྱིས་པ་སྲུང་སྐྱོབ་ཐེབས་རྩ་ཁང་སི་མ་ཡིལ་ Smile Foundation ཞེས་པར་ཆིབས་སྒྱུར་བསྐྱངས་ཏེ་བླང་དོར་བཀའ་སློབ་སྩལ་བ་མ་ཟད།  ཐེབས་རྩ་ཁང་ལ་ཧིན་སྒོར་འབུམ་ ༡༢༥ གསོལ་སྩལ་མཛད།

དེ་རྗེས་ཕྱི་ཚེས་ ༢༡ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ཨོ་ཌི་སའི་ Orissa རྒྱལ་ས་བྷུབ་ནེཤྭར་ Bhubaneswar ཆིབས་སྒྱུར་གྱིས་ཁུལ་དེར་རྟེན་གཞི་བྱས་པའི་སྤྱི་ཚོགས་ཚན་རིག་བསྟི་གནས་ཁང་གྲགས་ཅན་ Kalinga Institute of Social Sciences (KISS) དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་དགེ་ལས་སློབ་ཕྲུག་ ༢༥༠༠༠ བརྒལ་བར་བཀའ་སློབ་སྩལ་བ་མ་ཟད།  བསྟི་གནས་ཁང་གི་འཕྲུལ་རིགས་སློབ་གྲྭའི་དགེ་ལས་སློབ་མ་རྣམས་ལ་རྒྱ་གར་གནའ་རབས་ལེགས་བཤད་སླར་གསོའི་སྐོར་བཀའ་སློབ་སྩལ།  དེ་བཞིན་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་མི་མཇལ་བཅར་བ་རྣམས་ལ་བཀའ་སློབ་སྩལ།

ཕྱི་ཚེས་ ༢༣ ཉིན་ྋགོང་ས་མཆོག་ནུབ་བྷེང་གལ་གྱི་རྒྱལ་ས་ཀོལ་ཀ་ཊར་ Kolkata རྒྱ་གར་ཚོང་པའི་ལྷན་ཚོགས་ Indian Chamber of Commerce ནས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་རྒྱ་གར་གནའ་རབས་ཀྱི་རིག་གནས་སླར་གསོའི་ Revival of Ancient Indian Knowledge སྐོར་བཀའ་སློབ་སྩལ་གནང་མཛད་པ་མ་ཟད།  ས་གནས་བོད་རིགས་ཁ་ཆེའི་སློབ་ཕྲུག་དང་ཚོང་པ་སོགས་ལའང་མཇལ་ཁ་དང་བཀའ་སློབ་སྩལ་བ་སོགས་མཛད་འཕྲིན་ཁག་ཡོངས་སུ་ལེགས་གྲུབ་རྗེས་ཕྱི་ཚེས་ ༢༤ ཉིན་བཞུགས་སྒར་དུ་ྋཞབས་སོར་བདེ་བར་འཁོད་སོང༌།


ཟླ་ ༡༢ པའི་ནང་གི་༧གོང་ས་མཆོག་གི་མཛད་འཕྲིན་སྐོར་རྒྱལ་བ་རིན་པོའི་ཆེའི་བོད་ཡིག་དྲ་བར་འཁོད་པ་ལྟར་ན།

ཚེས་ ༡༠ ཉིན་སྔ་དྲོ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་མུམ་བྷེ་རུ་ཝ་ན་ཐེབས་རྩའི་(Vana Foundation)རིག་པའི་སྣང་གསལ་Vidyaloke ཞེས་པའི་ཚོགས་པ་དང་སོ་མཱེ་ཡ་མཐོ་སློབ་ཟུང་འབྲེལ་ཐོག་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱ་གར་ནང་རྒྱ་གར་གྱི་རིག་གཞུང་རྙིང་པ་བསྐྱར་གསོའི་ཆེད་དུ་ Reviving Indian Wisdom in Contemporary ཞེས་པའི་བརྗོད་གཞིའི་ཐོག་སོ་མཱ་ཡ་མཐོ་སློབ་ཏུ་(Somaiya Vidyavihar. Vidyaloke)མི་མང་ལ་གསུང་བཤད་སྩལ་རྒྱུ།  འབྲེལ་བ་བྱེད་ས་ This email address is being protected from spambots. You need JavaScript enabled to view it. དང༌། དྲ་བའི་ཁ་བྱང༌།  www.vidyaloke.in

ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་ཀཱ་ན་ཊ་ཀ་མངའ་སྡེའི་མོན་གྷོ་ཊི་རུ་ཡོད་པའི་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་དུ་སྒོམ་དང་ཚན་རིག་ལྟེ་གནས་ཁང་དབུ་འབྱེད་མཛད་རྒྱུ།

ཚེས་ ༢༠ ཉིན་རྒྱ་གར་ལྷོ་ཕྱོགས་ཀཱ་ན་ཊ་ཀ་མངའ་སྡེའི་སྦེལ་ཀོབ་ཏུ་ཡོད་པའི་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་སེར་བྱེས་གྲྭ་ཚང་དུ་རྟ་མགྲིན་ཡང་གསང་གི་བཀའ་དབང་བཀའ་དྲིན་སྩལ་རྒྱུ།

ཚེས་ ༢༡  ཉིན་རྒྱ་གར་ལྷོ་ཕྱོགས་ཀཱ་ན་ཊ་ཀ་མངའ་སྡེའི་བྷེ་ལ་ཀོབ་པེ་རུ་ཡོད་པའི་སེར་སྨད་གྲྭ་ཚང་གིས་གསར་བཞེངས་གནང་བའི་ཆོས་གྲྭ་དབུ་འབྱེད་དང༌། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་སྩལ་རྒྱུ། ཞེས་འཁོད་པ་བཅས།།

གསར་འགོད་པ་ཆོས་ཉིད།