19
Fri, Apr

རྒྱ་གཞུང་གིས་བོད་ནང་དྲ་རྒྱ་སྤྱོད་པར་སྟངས་འཛིན་ནན་མོ་བྱ་རྒྱུའི་ཉེན་བརྡ་བཏང་བ།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

གཞུང་གིས་དྲ་ཐོག་ཏུ་གཞི་རྒྱ་ཆེ་བའི་སྟངས་འཛིན་ནན་མོ་བྱེད་པའི་ཉེན་བརྡའི་ཡིག་ཆ་ཞིག་འབྱོར་སོན་བྱུང་། ཡིག་ཆ་དེ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཉེན་རྟོག་པས་ས་གནས་མང་ཚོགས་ལ་བཀྲམ་འདུག བོད་ཡིག་གིས་བྲིས་པའི་ཉེན་བརྡའི་ཡིག་ཆ་དེའི་ནང་ས་གནས་ཁག་གི་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་དང་དྲ་ཚིགས་བེད་སྤྱོད་གཏོང་མཁན་ཡོངས་ནས་གཤམ་གསལ་གྱི་དོན་ཚན་འདི་དག་ལ་འགན་ཁུར་དགོས་ཚུལ་གསལ་ཡོད།

སྤྱིར་རྒྱ་ནག་གཞུང་གིས་སྔ་མོ་ནས་དྲ་རྒྱའི་སྤྱི་ཚོགས་ཡར་རྒྱས་དང་བདེ་འཇགས་སྲུང་སྐྱོབ་ལ་དམིགས་ནས་<<དྲ་སྤྲེལ་ཆ་འཕྲིན་ཞབས་ཞུའི་གཏན་འབེབས་>>ཞེས་པ་ཞིག་ཁ་གསལ་མ་ཡིན་པའི་ཐོག་ནས་གཏན་འབེབས་བྱས་ཡོད། ཡིན་ནའང་འདི་ལོའི་ཟླ་༩ ཚེས་༧ ཉིན་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་སྤྱི་ཚོགས་དྲ་རྒྱའི་བདེ་འཇགས་སྐོར་ལ་ཁྲིམས་ཡིག་ཁག་གཉིས་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད།

གཅིག   ཆ་འཕྲིན་གླེང་སྟེགས་ལ་སྟངས་འཛིན་བྱེད་པའི་སྒྲིག་གཞི།

གཉིས་པ། དྲ་སྤྲེལ་ཚོགས་ཆུང་ལ་སྟངས་འཛིན་བྱེད་པའི་སྒྲིག་གཞི།

ཁྲིམས་ཡིག་དེ་གཉིས་རྒྱ་གཞུང་གི་དྲ་རྒྱའི་སྤྱི་ཚོགས་ཡར་རྒྱས་དང་བདེ་འཇགས་སྲུང་སྐྱོབ་ལ་ཁ་གཡར་ནས་གཏན་འབེབས་བྱས་པ་ཞིག་རེད་འདུག

ད་རབས་ཀྱི་ཡིག་ཆ་འདི་ནི་རྨ་ཆུ་རྫོང་སྤྱི་བདེའི་དྲ་བའི་ཉེན་རྟོག་པས་འགྲེམས་སྤེལ་བྱས་པ་ཞིག་རེད། ཡིག་ཆ་འདིའི་ནང་དུ་དྲ་་སྤྲེལ་ཚོགས་ཆུང་འཛུགས་མཁན་དང་དོ་དམ་པའི་ངེས་པར་ཏུ་དོན་དམ་གྱི་འགན་ཁུར་བ། ཚོགས་པའི་ནང་དུ་ཁྲིམས་འགལ་སྒྲིག་འགལ་གྱིས་ཆ་འཕྲིན་སོགས་དོ་དམ་ནན་མོ་བྱེད་པ། དྲ་སྤྲེལ་ཚོགས་ཆུང་ནི་དྲ་སྤྲེལ་སྤྱོད་མཁན་གྱིས་གློག་ཀླད་དྲ་སྤྲེལ་ས་ཚིགས་དང་འགུལ་འཕྲིན་དྲ་སྤྲེལ་ཉེར་སྤྱོད་བྱ་རིམ་སོགས་བེད་སྤྱོད་བྱས་ཏེ་དྲ་ཐོག་ནས་ཆ་འཕྲིན་སྤེལ་རེས་བྱེད་པ་ལ་ཟེར། དཔེར་ན། སྐད་འཕྲིན་ཚོགས་པ། གླེང་སྟེགས་ཚོགས་པ། དངུལ་སྤྲོད་ཚོགས་པ་སོགས་ལ་གོ་བས་ཚོགས་པ་འཛུགས་མཁན་དང་དོ་དམ་པའི་གཤམ་གསལ་གྱི་ནང་དོན་དག་འགན་ཁུར་དགོས་ཞེས་འཁོད་ཡོད།

རྨ་ཆུ་རྫོང་སྤྱི་བདེའི་དྲ་བའི་ཉེན་རྟོག་པས་འགྲེམས་སྤེལ་པའི་ཁྲིམས་ཡིག་དོན་ཚན་དགུ་ནི།

དང་པོ། ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ནང་དོན་མི་སྐུར་བ།

གཉིས་པ། འཆལ་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་མི་བཤད་པ།

གསུམ་པ། གསང་བ་དང་འབྲེལ་བའི་ནང་ཁུལ་གྱི་དཔྱད་ཡིག་མི་སྐུར་བ།

བཞི་བ། ཆགས་སྲེད་དང་དུག་རྫས། དྲག་སྤྱོད་དང་འབྲེལ་བའི་བརྙན་སོགས་མི་སྐུར་བ།

ལྔ་བ། ཀོང་ཨོ་ཐེ་དང་འབྲེལ་བའི་གསར་འགྱུར་གཞུང་ཕྱོགས་དྲ་གནས་ནས་ཁྱབ་བསྒྲགས་མ་བྱས་སྔོན་དུ་མི་སྐུར་བ།

དྲུག་པ། དམག་དོན་གྱི་དཔྱད་ཡིག་མི་སྐུར་བ།

བདུན་པ། རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བའི་ཡིག་ཆ་མི་སྐུར་བ།

བརྒྱད་པ། ཡོང་ཁུངས་མི་གསལ་ཞིང་འདྲ་བཟོ་རྫུན་བཟོ་བྱས་ནས་ཉེན་རྟོག་པར་དམའ་འབེབས་བྱེད་པའི་བརྙན་ཐུང་མི་སྐུར་བ།

དགུ་བ། གཞན་ཁྲིམས་དང་འགལ་བའི་ཆ་འཕྲིན་གྱི་སྐོར་མི་སྐུར་བ་བཅས་ཡིན། དོན་ཚུན་དགུ་ཅན་གྱི་ཡིག་ཆ་འདི་ད་ལོའི་སྤྱི་ཟླ་དྲུག་པའི་ནང་རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་ལམ་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་འདི་ལག་བསྟར་བྱས་པ་རེད།

ཡིག་ཆ་དོན་ཚན་དགུའི་ནང་དོན་གཙོ་བོ་ནི་དྲ་རྒྱ་བེད་སྤྱོད་གཏོང་མཁན་གྱི་སྐད་འཕྲིན་ཚོགས་པ་སོ་སོའི་ཚོགས་གཙོ་དང་དྲ་རྒྱ་དེ་སུ་ཡིས་བེད་སྤྱོད་བཏང་ན་དེ་རང་ཉིད་ཀྱིས་འགན་ཁུར་དགོས་ཞེས་འཁོད་ཡོད་པ་དང་།

མི་སུ་ཞིག་གིས་དྲ་རྒྱ་དང་སྐད་འཕྲིན་བེད་སྤྱོད་གཏོང་སྐབས་ཁྲིམས་འགལ་གྱི་རིགས་བྱེད་མི་ཆོག གལ་སྲིད་ཁྲིམས་འགལ་གྱི་རིགས་བྱུང་ཚེ་རང་ཉིད་ཀྱིས་འགན་ཁུར་དགོས། གང་ལྟར་ཁྲིམས་དང་འགལ་བའི་སྐད་ཆ་བཤད་པ་དང་། ཆབ་སྲིད་དང་འགལ་བའི་བརྙན་དང་པར་རིས་སྐུར་བ། མདོར་ན་དྲ་ཐོག་ནས་ཚུལ་མིན་གྱི་བྱ་བ་གང་བསྒྲུབ་ན་དེ་ལ་གོང་གི་སྒྲིག་ཁྲིམས་གཞིར་བཞག་གིས་ཆད་པ་ནན་མོ་གཅོད་ཀྱི་ཡོད། སྐད་འཕྲིན་ཚོགས་པ་སོ་སོའི་ཚོགས་གཙོ་དང་དྲ་རྒྱ་བེད་སྤྱོད་གཏོང་མཁན་དག་གིས་གཤམ་གྱི་ཁྲིམས་ཡིག་དོན་ཚན་དགུ་དང་མ་འགལ་བ་བྱེད་དགོས། དྲ་རྒྱ་བེད་སྤྱོད་བྱེད་མཁན་དག་གིས་ཁྲིམས་འགལ་གྱི་འདོད་ལོག་ཆགས་སྲེད་དང་། དྲག་ཤུགས་འཇིགས་སྐུལ། དུག་རྫས། དྲག་སྤྱོད་དང་འབྲེལ་བའི་བརྙན་དང་། བརྡ་འཕྲིན་རྫུན་མ་སོགས་གང་སར་བཏང་མི་ཆོག ལྷག་པར་ཏུ་རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་དང་། ཧོང་ཀོང་། ཐེ་ཝན། ཨོ་མིན་ཞེས་པའི་ཚིག་དེ་དག་བེད་སྤྱོད་བཏང་བ་སོགས་བཀག་སྡོམ་བྱེད་ངེས་ཡིན། མ་ཟད་རྒྱ་གཞུང་ཉེན་རྟོག་པས་མི་མང་ལ་གཅར་རྡུང་བྱེད་པའི་བརྙན་ཐུང་རྫུན་བཟོ་བྱས་ཏེ་བཏང་བ་རྣམས་བཀག་སྡོམ་བྱེད་ངེས་ཡིན་ཞེས་འཁོད་འདུག

རྨ་ཆུ་རྫོང་སྤྱི་བདེའི་དྲ་བའི་ཉེན་རྟོག་པས་འགྲེམས་སྤེལ་བྱས་པའི་ཁྲིམས་ཡིག་འདི་ལ་ངེས་པར་ཏུ་དོ་སྣང་བྱེད་དགོས་པའི་རྒྱུ་མཚན་ཁ་ཤས་ཆགས་ཀྱི་འདུག གང་ཡིན་ཟེར་ན་བོད་ནང་གི་གནས་ཚུལ་ཕྱི་རུ་སྒྲོག་མཁན་ཀྱི་བོད་མི་ལ་རྒྱ་ཅན་ཚོས་ངེས་པར་ཏུ་གཟབ་དགོས་པ་ཞིག་དང་། རྒྱ་ནག་གཞུང་གིས་བོད་རིགས་མི་མང་ལ་གཅར་རྡུང་བྱེད་པ་དེ་དག་གསང་བའི་སྒོ་ནས་བརྙན་དང་པར་ལེན་པ་སོགས་ལ་གཟབ་དགོས་པ་ཞིག་རེད་ལ། ལྷག་པར་ཏུ་བོད་ནང་དུ་ཛ་དྲག་གི་གནས་ཚུལ་གང་བྱུང་བ་རྣམས་གསང་བའི་སྒོ་ནས་བརྙན་བླངས་ཏེ་སྐུར་མཁན་ཚོས་ངེས་པར་ཏུ་གཟབ་གཟབ་གནང་དགོས་པ་ཞིག་ཀྱང་མཐོང་སོང་།

ལོ་འདིའི་ཕྱི་ཟླ་༡༠ པའི་ནང་རྒྱ་གཞུང་གིས་རྒྱལ་ཁབ་ཀྱི་གསར་ཁང་ནས་གནས་ཚུལ་སྤེལ་པར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཉེན་རྟོག་ལས་ཁུངས་ནས་བཀོད་སྒྲིག་འོག་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་དང་འགན་ཁུར་པ་༢༤༨ ལྷག་ལ་དྲ་རྒྱ་བདེ་འཇགས་ཀྱི་སྒྲིག་ཁྲིམས་གསར་པ་གཏན་འབེབས་ཐོག་ཟབ་སྦྱོང་སྤྲད་ཡོད་པ་རེད། དེ་དང་མཉམ་དུ་ཁོང་རྣམས་ལ་དེ་སྔོན་སྐད་འཕྲིན་ཚོགས་པའི་འགན་ཁུར་བ་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པའི་རྒྱུ་མཚན་ངོ་སྤྲོད་དང་མ་འོངས་པར་སྒྲིག་ཁྲིམས་དེ་དག་ལ་འགལ་མི་ཆོག་པའི་ཉེན་བརྡའང་བཏང་ཡོད་འདུག

བོད་ནང་ལ་མཚོན་ན་སྤྱི་ཚོགས་དྲ་ལམ་དང་སྐད་འཕྲིན་སོགས་བེད་སྤྱོད་བྱེད་རྒྱུར་རྒྱ་གཞུང་གིས་ལོ་མང་སྔོན་ནས་དམ་དྲག་ཞིབ་བཤེར་ཡོད་པའི་ཁར་ད་རེས་དྲ་རྒྱའི་སྒྲིག་ཁྲིམས་གསར་པ་དེ་དམ་དྲག་ཆེ་རུ་བཏང་བ་ཞིག་ཡིན་པ་གསལ་པོ་རེད་འདུག སྐད་འཕྲིན་ནི་རྒྱ་ནག་ལ་སྤྱོད་མཁན་ཆེས་མང་པའི་གཉེན་ཆས་ཤིག་ཡིན་ལ་བོད་ནང་ལའང་བོད་མི་མང་ཤོས་ཤིག་གིས་དུས་རྒྱུན་བེད་སྤྱོད་བྱེད་མུས་ཡིན།

ཕྱི་༢༠༡༦ ལོའི་འདི་ག་ལྟེ་གནས་ཁང་གི་ལོ་འཁོར་སྙན་ཐོའི་ནང་བོད་མི་ཚོས་སོ་སོར་ཚོད་འཛིན་དང་གཟབ་ནན་ཤུགས་ཆེར་འགྲོ་ཡི་ཡོད་པ་འཁོད་ཡོད། ཐེངས་འདིའི་དྲ་རྒྱའི་སྒྲིག་ཁྲིམས་གསར་པ་ཁག་ཅིག་གིས་ཁོང་ཚོའི་མི་སྒེར་གྱི་རང་དབང་དང་སྨྲ་བརྗོད་རང་དབང་སོགས་ཇེ་སྡུག་ཏུ་ཕྱིན་ཡོད་མཚོན་ཐུབ།

ཉིན་ཤས་སྔོན་ཨ་རིར་བརྟེན་གཞི་བྱས་པའི་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་རང་དབང་ཚོགས་པ་ཞིག་གིས་སྤེལ་པའི་རྒྱལ་སྤྱིའི་དྲ་རྒྱའི་རང་དབང་སྙན་ཐོའི་ནང་རྒྱ་གཞུང་ནི་ལོ་གསུམ་རིང་བསྟུད་མར་དྲ་རྒྱའི་རང་དབང་སྡུག་ཤོས་ཀྱི་གྲས་སུ་ཚུད་ཡོད་པ་དང་། སེ་རིའུ་ཡ་དང་ཨེ་ཐོ་པེ་ཡ་སོགས་ཀྱང་དེའི་ཁོངས་སུ་གཏོགས་ཡོད། ཤེས་གསལ་ལ་དྲ་རྒྱ་བཀག་སྡོམ་ཀྱི་ཕྱེད་ཀ་ཙམ་ལག་ཐོག་ཁ་པར་གྱི་བརྡ་རྟགས་བཀག་འགོག་བྱས་པ་དེ་རེད། སྙན་ཐོ་དེར་གཞིགས་ན་བོད་ཨང་དང་པོ་དང་ཨེ་ཐོ་པེ་ཡའི་ཨོ་རོ་མ་ཨང་གཉིས་པ་ཆགས་ཡོད་པ་གསལ་བོར་རྟོགས་ཐུབ།