19
Fri, Apr

གནམ་གཤིས་ཚ་དྲོད་ཀྱི་རྐྱེན་པས་དབྱར་རྩྭ་དགུན་འབུ་དཀོན་དུ་ཕྱིན་པར་བརྗོད་འདུག

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༧་ཚེས་༣་ཉིན། འཛམ་གླིང་སྤྱི་ཡོངས་ནས་གནས་གཤིས་ཀྱི་ཚ་དྲོད་འཕེལ་བཞིན་ཡོད་ཅིང་། ཁྱད་པར་དུ་མཐོ་སྒང་གི་བོད་ལའང་ཚ་དྲོད་འཕེལ་བའི་རྣམ་པ་ཤུགས་ཆེན་འབྱུང་གི་ཡོད། དེ་ཡང་བོད་མཐོ་སྒང་དུ་ཆགས་པའི་འཁྱགས་རོམ་བཞུར་བཞིན་ཡོད་པར་ཚན་རིག་པས་བརྟག་དཔྱད་བྱས་ནས་ར་སྤྲོད་བྱས་ཡོད་འདུག

བོད་མཐོ་སྒང་གི་ཚ་དྲོད་འཕེལ་བའི་རྐྱེན་གྱིས་བོད་མིའི་འཚོ་རྟེན་དུ་གྱུར་བའི་དབྱར་རྩྭ་དགུན་འབུ་ཡང་དཀོན་དུ་ཕྱིན་འདུག བོད་མི་མང་པོ་ཞིག་གིས་ལོ་གཅིག་གི་ཡོང་སྒོ་ནི་དབྱར་རྩྭ་དགུན་འབུ་ལ་བརྟེན་ཡོད་རུང་། འདི་ལོར་དབྱར་རྩྭ་དགུན་འབུ་ལ་བརྟེན་པའི་ཡོང་སྒོ་ཉུང་ཉུང་ཞིག་ལས་རེག་མེད་པ་རེད།

དེ་ཡང་། བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། བོད་མི་ཚོས་དབྱར་རྩྭ་དགུན་འབུ་ནི་སྤྱི་ཟླ་༤་པའི་ཟླ་མཇུག་ནས་རྐོ་མགོ་རྩོམ་པ་དང་། སྤྱི་ཟླ་༥་པའི་ཟླ་མཇུག་ནས་འབུ་རྫོགས་ཏེ་རྐོ་མཚམས་འཇོག་གི་ཡོད་འདུག ད་ལོར་སྤྱིར་བོད་ཀྱི་དབྱར་རྩྭ་དགུན་འབུ་རྐོ་སའི་ས་ཆ་ཕལ་མོ་ཆེ་ཞིག་ལ་ཆར་བ་དུས་སུ་བབས་མེད་སྟབས། དབྱར་རྩྭ་དགུན་འབུ་མང་པོ་སྐྱེ་མེད་པ་རེད་ལ། དེར་བརྟེན་པའི་ཡོང་སྒོའང་ཉུང་ཉུང་ཞིག་ལས་རེག་མི་འདུག དཔེར་ན། འདི་ལོར་བོད་ཁམས་ལི་ཐང་ཕྱོགས་སུ་དབྱར་རྩྭ་དགུན་འབུ་རྐོ་སའི་ས་ཆ་མང་པོ་ཞིག་ལ་ཆར་བ་ཧ་ཅང་ཉུང་ཉུང་བབས་སོང་། ཁ་བ་བབས་ཀྱང་ཚ་དྲོད་ཀྱི་རྐྱེན་པས་ལམ་སང་ཞུ་འགྲོ་ཡི་འདུག ལོ་མང་པོའི་སྔོན་ལ་ཁ་བ་འབབ་ཐེངས་གཅིག་ལ་བབས་རྗེས། ཉིན་བཅུ་ཡི་ཡས་མས་ནས་མ་གཏོགས་ཞུ་ཡི་ཡོད་མ་རེད། དེའི་རྗེས་དབྱར་རྩྭ་དགུན་འབུ་ཧ་ཅང་མང་པོ་རེག་གི་རེད་ཅེས་བརྗོད་སོང་།

ད་དུང་བོད་ནས་འབྱོར་བའི་བརྙན་ཞིག་གི་ནང་། བོད་མི་སྐོར་ཞིག་གིས། དབྱར་རྩྭ་དགུན་འབུ་རེག་གི་མི་འདུག སྤང་ཐང་དུ་མགོ་ལ་ཞྭ་མོ་གྱོན་ནས་ཉལ་སྡོད་པ་ལས་ཐབས་ཤེས་གཞན་གང་ཡང་མི་འདུག ད་ལོའི་དབྱར་རྩྭ་དགུན་འབུ་ནི་ཧ་ཅང་དཀོན་པོ་རེད། དབྱར་དངུལ་གང་ཡང་རེག་མ་སོང་། ཞེས་བརྗོད་ཀྱིན་འདུག

ཁོས་མུ་མཐུད་ནས་དབྱར་རྩྭ་དགུན་འབུ་ནི་བོད་མི་ཚོའི་འཚོ་རྟེན་ཡིན་པའི་སྐོར་འགྲེལ་བརྗོད་བྱེད་དོན། ང་ཚོའི་ལོ་གཅིག་གི་འགྲོ་སོང་ནི་དབྱར་རྩྭ་དགུན་འབུ་ལ་བརྟེན་ནས་ཡོད་རེད། འདི་ལོར་དབྱར་རྩྭ་དགུན་འབུ་བརྐོས་ནས་སྒོར་མོ་ཉུང་ཉུང་ཞིག་མ་གཏོགས་རེག་མ་སོང་། སྒང་འབུ་(སྤང་ཐང་སྒང་དུ་སྐྱེས་པའི་འབུ)་ཧ་ལམ་སྐྱེས་མ་སོང་ཟེར་ན་འགྲིག་ས་རེད། ང་ལ་མཚོན་ན་སུ་འབུ(སུ་རུའི་མེ་ཏོག་གི་འཁྲིས་སུ་སྐྱེས་པའི་དབྱར་རྩ་དགུན་འབུ)་མང་ཤོས་རེག་སྐབས་བཅུ་གྲངས་ཤིག་དང་། མཚམས་མཚམས་ཤིག་ལ་མི་ཁ་ཤས་ཤིག་ལ་ཉིན་གཉིས་གསུམ་ལའང་འབུ་གཅིག་ཀྱང་མི་རེག་མཁན་འདུག འབུ་རེག་དུས། མི་མང་པོ་ཞིག་ལ་ཉིན་རེར་འབུ་དྲུག་བདུན་རེ་རེག་གི་འདུག ཟླ་གཅིག་ལྷག་གི་རིང་ལ་ཁྱོན་རྒྱ་སྒོར་སུམ་སྟོང་ལྷག་ཅིག་མ་གཏོགས་རེག་མ་སོང་། ཞེས་བརྗོད་སོང་།

ཡང་ཁོས་དབྱར་རྩ་དགུན་འབུའི་རིན་གོང་སྐོར་ལ་འདི་ལྟར་འགྲེལ་བརྗོད་བྱེད་དོན། འདི་ལོའི་དབྱར་རྩྭ་དགུན་འབུ་ཡི་རིན་གོང་ནི་རབ་འབྲིང་མཐའ་གསུམ་རེད། ནགས་འབུ་(ཤིང་ནགས་ནང་སྐྱེས་པའི་འབུ)་ལ་རིན་གོང་དམའ་ཤོས་དང་། དབྱར་རྩྭ་དགུན་འབུ་རེར་རྒྱ་སྒོར་༢༠་ཙམ་རེག་གི་འདུག སྒང་འབུ་ལ་རིན་གོང་འབྲིང་བ་རེད། རྒྱ་སྒོར་༢༦་ཡས་མས་རེག་གི་འདུག སུ་འབུ་ལ་རིན་གོང་མཐོ་ཤོས་རེད། རྒྱ་སྒོར་༣༦་ཡས་མས་རེག་གི་འདུག་ཅེས་འགྲེལ་བརྗོད་བྱས་སོང་།

གཞན་ཡང་། ས་གནས་ས་ཐོག་ཏུ་རིན་གོང་དེ་འདྲ་ཡིན་པ་དང་། རྒྱ་ནག་ཏུ་རིན་གོང་དེ་ལས་མཐོ་བ་རེག་གི་ཡོད་པ་རེད། དཔེར་ན། རྒྱ་ནག་ཏུ་དབྱར་རྩྭ་དགུན་འབུ་རྒྱ་མ་གཅིག་ལ་ཨ་སྒོར་ཁྲི་ལྔ་དང་། རྒྱ་སྒོར་འབུམ་གསུམ་ལྷག་ཅིག་རེག་གི་ཡོད་པར་བརྒྱུད་ལམ་ཁག་ན་གསལ་འདུག

བོད་ཀྱི་དབྱར་རྩྭ་དགུན་འབུ་ནི་བོད་མིའི་འཚོ་རྟེན་ཡིན་པར་མ་ཟད། རྒྱ་མི་དང་ཁ་ཆེ། བོད་ཀྱི་གཡས་གཡོན་དུ་གནས་པའི་མི་རིགས་ཚོའི་འཚོ་རྟེན་ཡང་ཡིན་འདུག དཔེར་ན། རྒྱ་མི་དང་ཁ་ཆེ་བ་ཚོ་བོད་མདོ་སྨད་མཚོ་སྔོན་གྱི་ས་ཆར་དབྱར་རྩྭ་དགུན་འབུ་རྐོ་བར་ཡོང་གི་ཡོད་ཅིང་། ཁོ་ཚོས་ལོ་གཅིག་ལ་ལས་ཀ་བྱས་པ་ལས། ཟླ་གཅིག་ལྷག་གི་རིང་ལ་དབྱར་རྩྭ་དགུན་འབུ་བརྐོས་ན། ཡོང་སྒོ་ཆེ་བར་ཡོད་པར་བརྗོད་ཀྱི་འདུག

བོད་དུ་དབྱར་རྩྭ་དགུན་འབུ་དཀོན་དུ་འགྲོ་བཞིན་པའི་རྒྱུ་མཚན་ནི་བོད་ཀྱི་གནམ་གཤིས་ཀྱི་ཚ་དྲོད་ཆེ་རུ་འགྲོ་བཞིན་ཡོད་པའི་དབང་གིས་ཡིན་པར་བརྗོད་འདུག གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་བོད་ཀྱི་འཁྱགས་རོམ་བཞུར་བཞིན་ཡོད་པར་ཚན་རིག་པ་མང་པོས་བརྟག་དཔྱད་བྱས་ནས་ར་སྤྲོད་བྱུང་ཡོད་ཅིང་། གཞན་ཡང་། རྒྱ་ནག་གི་ཚན་རིག་པ་ཧྲིང་ཡོང་ཕིང་གིས་གོ་ལའི་ཚ་དྲོད་ལ་བརྟེན་ནས་ས་སྐམ་པོར་ཆགས་ཀྱི་ཡོད་པ་དང་། དེའི་དབང་གིས་སའི་རླན་གཤེར་ཉུང་དུ་འགྲོ་བཞིན་ཡོད་པར་མ་ཟད། རྩྭ་ཡང་ཉུང་ཉུང་སྐྱེས་ཀྱི་ཡོད་པར་འགྲེལ་བརྗོད་བྱས་འདུག

ཡང་ཁོས་ས་འཁྱགས་ཀྱང་ཉུང་དུ་འགྲོ་བཞིན་ཡོད་པ་དང་། དེས་ས་འོག་གི་ཆུ་ཡང་ཉུང་དུ་ཆགས་ཀྱི་ཡོད་འདུག དེ་ནི་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་ཞིག་ཡིན་པར་བརྗོད་འདུག དེ་མ་ཟད། གློ་བུར་དུ་གནམ་གཤིས་ལ་འཕོ་འགྱུར་འགྲོ་བའི་དབང་གིས་དབྱར་རྩྭ་དགུན་འབུ་སྐྱེས་རྒྱུར་གནོད་བྱེད་ཀྱི་ཡོད་པའི་སྐོར་ཡང་བཤད་འདུག ཚན་རིག་པ་ཧྲིང་ཡོང་ཕིང་ནི་༡༩༨༠་ནས་བོད་ཀྱི་གནམ་གཤིས་འགྱུར་བ་འགྲོ་སྟངས་སྐོར་ལ་བརྟག་དཔྱད་བྱེད་མཁན་ཞིག་ཡིན་འདུག

མི་མང་པོ་ཞིག་གིས་དབྱར་རྩྭ་དགུན་འབུ་ནི་སྨན་རྩ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ། རྒྱ་མི་ཚོས་དབྱར་རྩྭ་དགུན་འབུ་ནི་མཁལ་མའི་སྨན་མཆོག་དང་རོ་ཙར་ཕན་པ། གཞན་ནད་རིགས་ཐམས་ཅད་བཅོས་ཐུབ་པའི་སྨན་མཆོག་ཞིག་ལ་བརྩིས་ནས་རིན་གོང་མཐོ་པོ་སྤྲད་དེ་ཉོ་བཞིན་ཡོད་འདུག་ཀྱང་། འདི་ལོར་དབྱར་རྩྭ་དགུན་འབུ་དཀོན་དུ་ཕྱིན་ནས་རིན་གོང་སྔར་ལས་མཐོ་རུ་ཕྱིན་ཡོད་འདུག