16
Tue, Apr

ས་ག་ཟླ་བའི་སྐབས་རྒྱ་གཞུང་གིས་བོད་དུ་དམ་དྲག་ཤུགས་ཆེན་བྱས་འདུག

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༦་ཚེས་༢༠་ཉིན་སྤེལ། རྒྱ་གཞུང་གིས་བོད་ནང་དུ་ས་ག་ཟླ་བའི་དུས་དང་བསྟུན་ནས་ནག་སེལ་གཤེད་འཇོམས་ཟེར་བའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་དང་། རྒྱལ་ས་ལྷ་ས་གཙོ་བོར་གྱུར་པའི་བོད་ཀྱི་ས་ཁུལ་ཁག་གི་ནང་དམ་དྲག་ཤུགས་ཆེན་བྱས་ཡོད་པར་མ་ཟད། སྐད་འཕྲིན་སོགས་སྤྱི་ཚོགས་དྲྭ་རྒྱ་ལའང་སྔར་ལས་ལྷག་པས་དམ་དྲག་གིས་ལྟ་སྲུང་ནན་པོར་བྱེད་བཞིན་ཡོད་འདུག

དེ་ཡང་། འབྲེལ་ཡོད་མི་སྣ་ཞིག་གིས་འདི་གར་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱེད་དོན། བོད་ནང་དུ་ནམ་རྒྱུན་རྒྱ་གཞུང་གིས་དམ་དྲག་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ། དུས་ཆེན་དང་དམིགས་བསལ་ཉིན་མོ་སོགས་ལ་དམ་དྲག་ཤུགས་ཆེན་གཏོང་བཞིན་ཡོད་ཅིང་། རྒྱ་གཞུང་གིས་ས་ག་ཟླ་བ་ཚེས་ལ་ཉེ་བའི་སྐབས་ནས་བཟུང་ལྷ་ས་གཙོས། ཆབ་མདོ་དང་། གཞིས་ཀ་རྩེ་སོགས་ལ་དམག་ཆས་གྱོན་པའི་དམག་མི་དང་ཉེན་རྟོག་པས་ལྟ་སྲུང་བྱེད་ཀྱི་ཡོད་པར་མ་ཟད། གྱོན་ཆས་དཀྱུས་མ་གྱོན་པའི་ཉེན་རྟོག་པས་ཀྱང་མང་ཚོགས་ཁྲོད་དུ་ལྟ་ཞིབ་བྱས་ནས། བོད་ནང་དུ་སྔར་ལས་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་འདུག་ཅེས་དང་། དེ་འདྲ་བྱེད་དགོས་དོན་ནི་འདི་ལོ་ཕག་ལོ་ཡིན་ཞིང་། དེ་ནི་༸གོང་ས་མཆོག་གི་རང་ལོ་ཡིན་པར་བརྟེན། ས་ག་ཟླ་བའི་དུས་ཡུན་རིང་བོད་མི་ཚོས་༸གོང་ས་མཆོག་ལ་གསོལ་བ་སྨོན་ལམ་འདེབས་པར་བཀག་སྡོམ་བྱེད་ཆེད་དུ། ས་གནས་སྲིད་གཞུང་གིས་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་འདུག་ཅེས་བརྗོད་སོང་།

དེ་ཡང་ལོ་སྔོན་མ་དང་འདྲ་བར། ས་གནས་སྲིད་གཞུང་གིས་རྒྱ་གཞུང་གི་ལས་བྱེད་པ་དང་། ལས་བྱེད་རྒས་ཡོལ་པ། སློབ་ཕྲུག་སོགས་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་བྱེད་པའི་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་ལ་མཉམ་ཞུགས་བྱེད་པར་དམ་དྲག་བྱེད་བཞིན་ཡོད་འདུག ལོ་སྔོན་མར། ལས་བྱེད་རྒས་ཡོལ་པ་༢༠་ཞིག་ལ་ས་ག་ཟླ་བའི་རིང་སྐོར་བ་དང་། མཆོད་མཇལ་དུ་ཕྱིན་པའི་རྐྱེན་གྱིས་ས་གནས་སྲིད་གཞུང་གིས་ཞིབ་བཤེར་ཐག་གཅོད་བྱས་ཡོད་འདུག

ཁོས་མུ་མཐུད་ནས་འགྲེལ་བརྗོད་བྱེད་དོན། རྒྱ་གཞུང་གིས་ནག་སེལ་གཤེད་འཇོམས་ཟེར་བའི་ལས་འགུལ་ཞིག་སྤེལ་ཏེ། བོད་མིའི་ཆོས་དད་དང་། སྨྲ་བརྗོད་རང་དབང་ལ་བཙན་གནོན་དམ་དྲག་ཤུགས་ཆེར་བཏང་ཡོད་པར་མ་ཟད། སྐད་འཕྲིན་སོགས་སྤྱི་ཚོགས་དྲྭ་རྒྱ་ལའང་སེམས་ཚོར་རྣོ་བའི་བརྗོད་གཞི་གླེང་བ་ཡིན་ན། སྐད་འཕྲིན་ཚོགས་པ་དེ་སྒོ་རྒྱག་གི་ཡོད་འདུག གང་ལྟར། བོད་ནང་དུ་སྔར་ལས་ལྷག་པས་དམ་དྲག་གིས་ལྟ་སྲུང་ནན་པོར་བྱེད་བཞིན་ཡོད་འདུག་ཅེས་དང་།

ཉེ་ཆར་རྒྱ་གཞུང་གིས་ལྷ་སར་ནག་སེལ་གཤེད་འཇོམས་ཟེར་བའི་ལས་འགུལ་དེ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་། གལ་སྲིད་ཉེས་འདོན་བྱེད་མཁན་ཡོད་ན་བྱ་དགའ་ཆེན་པོ་སྤྲོད་ཀྱི་ཡིན་པར་གསལ་བསྒྲགས་ཀྱང་བྱས་འདུག ལྷག་པར་དུ། ས་ག་ཟླ་བའི་སྐབས་སུ། དམ་དྲག་ཤུགས་ཆེན་བྱས་ནས་སྐད་འཕྲིན་དང་གཞན་མཉེན་ཆས་སོགས་ཀྱི་ནང་དོན་ལ་ལྟ་ཞིབ་བྱེད་ཀྱི་ཡོད་ཅིང་། གལ་སྲིད་དོགས་པ་ཡོད་པའི་མི་ལ་འཕྲད་སྐབས། བཀག་ཉར་བྱེད་ཀྱི་ཡོད་འདུག་པར་མ་ཟད། མིས་ཁ་ཤས་ཤིག་གིས་སྐད་འཕྲིན་གྱི་རྒྱབ་ལོག་ལའང་དགོན་པའི་ནང་དགེ་སྒྲུབ་དང་མཆོད་མཇལ་བྱེད་བཞིན་པའི་བརྙན་དང་པར་བཞག་པ་ཙམ་གྱིས། སྒེར་གྱི་སྐད་འཕྲིན་དང་ཚོགས་པ་བཅས་སྒོ་བརྒྱབ་ཡོད་ཅིང་། དེའི་རྗེས། བྱེད་མི་ཆོག་པའི་གནད་དོན་ཁག་ཅིག་ལ་ཁས་ལེན་བྱས་རྗེས་གཞི་ནས་སྐད་འཕྲིན་སྒོ་འབྱེད་ཀྱི་ཡོད་འདུག་བཅས་འགྲེལ་བརྗོད་བྱས་སོང་།

གནས་ཚུལ་མཁོ་་སྤྲོད་བྱེད་མཁན་གྱིས་མུ་མཐུད་ནས་འགྲེལ་བརྗོད་བྱེད་དོན། གཞིས་ཀ་རྩེ་ལ་ལོ་སྔོན་མ་ནས་རྒྱ་གཞུང་གིས་ནག་སེལ་གཤེད་འཇོམས་ཟེར་བའི་ལས་འགུལ་དེ་སྤེལ་ཡོད་པ་དང་། དེའི་སྐབས་གཞིས་ཀ་རྩེའི་ས་སྐྱ་པའི་ཇོ་མོ་དགོན་པ་ཞིག་གི་ནང་དུ་ཡོད་པའི་ཇོ་མོ་ཚང་མ། དིང་རི་རྫོང་དང་། ས་སྐྱ་རྫོང་། ལྷ་རྩེ་རྫོང་བཅས་ཀྱི་རང་ཁྱིམ་དུ་བཙན་གྱིས་ལོག་བཏང་ཡོད་འདུག་ཅིང་། ཁོ་མོ་ཚོ་ད་དུང་ཡང་གཞིས་ཀ་རྩེའི་གྲོང་ཁྱེར་དུ་ཡོང་ཆོག་གི་མེད་པ་རེད། ནད་གཞི་ཇི་ཙམ་ལྗིད་ཀྱང་། རྫོང་ཁག་ཏུ་སྨན་བཅོས་བྱེད་དགོས་པ་ལས་གཞིས་ཀ་རྩེའི་གྲོང་ཁྱེར་དུ་ཡོང་སྟེ་སྨན་བཅོས་བྱེད་པར་བཀག་ཡོད་འདུག ཁོ་མོ་ཚོའི་འགྲོ་འདུག་སྤྱོད་གསུམ་ཐོག་ལ་ས་གནས་སྲིད་གཞུང་གིས་དམ་དྲག་ནན་པོ་བྱེད་བཞིན་ཡོད་པར་བརྗོད་སོང་།

གཞན་ཡང་། ཟླ་སྔོན་མའི་ཚེས་༢༣་ཉིན། ལྷ་ས་སྲིད་གཞུང་གིས་ནག་སེལ་གཤེད་འཇོམས་ཟེར་བའི་ལས་འགུལ་གྱི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༢༠༡༩ལོ་ནས་བཟུང་། ལྷ་ས་ཉེན་རྟོག་པས་ནག་སེལ་གཤེད་འཇོམས་ལས་འགུལ་གྱི་ནང་དོན་གཞིར་བཟུང་སྟེ། ལོག་སྤྱོད་དང་། ཁྲིམས་འགལ། བདེ་འཇགས་ལ་གནོད་པ་བཅས་ཀྱི་ཉེས་མིང་འོག་ནས། བོད་མི་མང་པོ་ཞིག་འཛིན་བཟུང་དང་། བཀག་ཉར། ཁྲིམས་ལ་སྦྱོར་བ་སོགས་བྱས་ཡོད་པའི་སྐོར་བཀོད་འདུག