18
Thu, Apr

བོད་ནང་གི་མི་ཞིག་ལ་གྲི་ལན་དྲུག་རྒྱབ་རུང་ཕྱིར་ལན་སློག་མི་འདུག

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༢་ཚེས་༢༤ཉིན་སྤེལ། ཉེ་ཆར་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། བོད་མདོ་སྨད་མགོ་ལོག་ནང་གི་གོང་མ་ཡུལ་ཚོའི་སྟོང་དཔོན་བསོད་རྡོར་ལགས་གྱོད་གཞི་ཞིག་གིས་ཆེད་དུ་འགྲིག་འཇགས་བྱས་དུ་སོང་ཡང་ཕ་རོལ་བས་གྲོས་འཆམ་བྱུང་བའི་ཚབ་དུ་ཁོང་ལ་གྲི་ལན་དྲུག་རྒྱབ་ཡོད་རུང་ཕྱིར་ལན་སློག་མི་འདུག གཞན་ཡང་རྒྱ་མི་ཁ་ལོ་བ་ཞིག་གིས་བོད་པའི་བུ་མོ་གླ་འཁོར་བརྡབ་ནས་བསད་ཡོད་རུང་ནང་མིས་སྒོར་གཅིག་ཀྱང་ལེན་མེད་པ་རེད།

དེ་ཡང་བོད་ནང་ཨ་མདོ་མགོ་ལོག་ནང་གོང་མ་ཡུལ་ཚོའི་སྟོང་དཔོན་བསོད་རྡོར་ལགས་ཀྱིས་ཁོང་དང་ཁྱིམ་ཚང་གཅིག་མ་ཡིན་པའི་ཤ་ཉེ་ཞིག་ལ་མོ་གྱོད་བྱུང་བར་བརྟེན། ཁོང་གིས་ཤ་ཉེའི་ཚབ་ཏུ་གཞན་དེའི་དྲུང་དུ་སྒོར་ཁྲི་གཅིག་དང་དར་ཁ་འཁྱེར་ནས་ནང་གྲོས་བྱེད་པར་ཕྱིན་ནའང་ནང་གྲོས་ལམ་ལྷོང་མ་བྱུང་བར། ཕ་རོལ་པོས་རལ་གྲི་ཤུགས་ནས་ཕྱུང་སྟེ་སྡིག་མོ་བྱས་ནའང་། བསོད་རྡོར་གྱིས་”ཁྱེད་ཀྱིས་ང་ལ་གྲིས་བརྒྱབ་ཀྱང་ལན་མི་བྱེད་ལ་ངས་གདན་ཐོག་ནས་ཡར་ལངས་བའང་མི་སྲིད་”ཅེས་ལབ། ཡིན་ནའང་གཏམ་དེས་ཀྱང་ཕ་རོལ་པོའི་ཁོང་ཁྲོ་ཞི་མ་ཐུབ་པར་བསོད་རྡོར་གྱི་མགོ་ལ་གྲིས་ལན་གཉིས་དང་། ལག་གཡས་གཡོན་གཉིས་ལ་གྲིས་ལན་དྲུག་སྟེ་ཁྱོན་བསྡོམས་གྲི་བརྒྱད་བརྒྱབ་པའི་ཛ་དྲག་གི་གནས་ཚུལ་བྱུང་ཡང་སྟོང་དཔོན་བསོད་རྡོར་གྱིས་བོད་མི་རིགས་ཀྱི་ལ་རྒྱ་དང་བཟོད་སྒོམ་ཁོ་ནའི་མིག་ལོག་ཅིག་ཀྱང་མ་བལྟས་པ་མ་ཟད།

མི་དེ་ལ་ཕྱིས་སུ་ཁྲིམས་ཐག་གཅོད་སྐབས་བསོད་རྡོར་གྱིས་ཉེན་རྟོག་པར་ཕ་རོལ་པོའི་ནག་ཉེས་གུ་ཡངས་དང་བཙོན་དུ་སྡོད་མི་དགོས་པའི་རེ་བ་ནན་མོ་བཏོན་འདུག དེས་ན་བྱ་བ་འདི་རིགས་ཀྱིས་གཞན་ལ་སེམས་འགུལ་ཆེན་པོ་ཐེབས་ནས་སྤྱི་ཚོགས་ཀྱི་ནང་དུ་དམེ་འཛིང་འཁྲུག་རྩོད་ཀྱི་བྱ་བ་ཇེ་ཉུང་དུ་འགྲོ་བ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་མིག་དཔེ་བཟང་པོ་ཞིག་ཆགས་ཡོད་འདུག

གཞན་ཡང་༢༠༡༨ལོའི་ཟླ༡༡ཚེས་༡༡ཉིན། ཚེ་ལས་འདས་པའི་བུ་མོ་བློ་བཟང་མཁའ་འགྲོ་ནི་བྲག་འགོ་རྫོང་། ལྕོག་རི་དགོན་པའི་ལྷ་སྡེ་ཚེ་རིང་ཚང་གི་བུ་མོ་ཡིན་འདུག ཕྱིས་སུ་དར་མདོ་རྫོང་མགར་པ་ཡུལ་མཚོ་བརྩོན་འགྲུས་ཚང་གི་ནང་ལ་མནར་མ་ཕྱིན། མོ་རང་རང་ཡུལ་དུ་ཡོང་ནས་ཕྱིར་འགྲོ་བའི་ལམ་དུ་རྒྱ་ཁ་ལོ་བ་ < ཉིག་ཧེ > ཟེར་བ་ཞིག་གིས་རླངས་འཁོར་གྱིས་རྐྱེན་ལམ་དུ་ཤོར་རུང་། ཁྱིམ་ཚང་ཁག་གཉིས་ཀྱིས་ཡ་རབས་བཟང་སྤྱོད་དང་བཟོད་སྒོམ་གྱིས་རྒྱ་མི་ཁ་ལོ་བ་དེ་ལ་ཚིག་ངན་ཞིག་ཀྱང་མ་ལབ་པ་མ་ཟད་སྒོར་ཟུར་སྐར་མ་གཅིག་ཀྱང་མ་ལེན་མི་འདུག

ད་དུང་ཁོང་གིས་ནང་མི་ཚོས་ང་ཚོ་བླ་མ་རིན་པོ་ཆེན་ཡ་རབས་སྤྱོད་བཟང་དང་བྱམས་དང་སྙིང་རྗེ་ལག་ལེན་དགོས་པའི་གསུང་མང་པོ་གོ་མྱོང་བ་མ་ཟད་འཛམ་གླིང་ཡུལ་གྲུ་ཁག་གང་དུ་ཕེབས་ཀྱང་བོད་མི་རིགས་ཡ་རབས་ཡོད་པ་གསུང་འདི་ལག་བསྟར་བྱེད་པ་ཡིན་པ་ཡང་བརྗོད་འདུག བྱ་བ་འདི་རིགས་ནི་བོད་ནང་གི་བོད་མི་ཚོས་རྗེས་སུ་ཡིད་རངས་དང་བསྔགས་བརྗོད་གྲགས་མེད་བྱེད་ཀྱི་ཡོད་པ་མ་ཟད་རྒྱ་མི་རིགས་ལའང་ཧང་སང་དགོས་པའི་མིག་དཔེ་བཟང་པོ་ཞིག་བསྟན་འདུག

ལྷོ་ཕྱོགས་བྱམས་པས།