18
Thu, Apr

བོད་གླུ་བ་གྲགས་ཅན་མགོན་པོ་བསྟན་འཛིན་ལགས་ཕེབས་བསུ་ཞུ་བཞིན་པ།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

 ༢༠༡༨ལོའི་ཟླ༨ཚེས་༣ཉིན། བོད་ནགས་ཤོད་འབྲི་རུ་རྫོང་ནས་ཡིན་པའི་གླུ་བ་གྲགས་ཅན་མགོན་པོ་བསྟན་འཛིན་ལགས་བཙོན་འཇུག་དུས་བཀག་ལོ་གསུམ་དང་ཕྱེད་ཀ་རྫོགས་ནས་ཟླ་འདིའི་ཚེས་༡ཉིན་གློད་བཀྲོལ་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་རྒྱ་ནག་ཉེན་རྟོག་པས་ཁོང་ལ་ཕེབས་བསུ་ཡོང་མཁན་མི་མང་རྣམས་བཀག་འགོད་བྱེད་ཡོད་པ་རེད་འདུག

འདི་གར་གསར་ཁང་དུ་གནས་ཚུལ་འབྱོར་དོན་ནང་གསལ། གཞས་པ་མགོན་པོ་བསྟན་འཛིན་ལགས་དུས་བཀག་བཙོན་འཇུག་ལོ་གསུམ་དང་ཕྱེད་ཀ་རྫོགས་ནས་ཟླ་༨པའི་ཚེས་༡ཉིན་གློད་བཀྲོལ་བཏང་ཡོད་པ་དང་ཕེབས་བསུ་ཞུ་བའི་མི་མང་རྣམས་རྒྱ་གཞུང་ཉེན་རྟོག་པས་བཀག་ནས་མི་མང་པོ་འཛོམས་བཅུག་མེད་པ་རེད། ཁོང་གི་སྤུན་གཉེན་ཁ་ཤས་མ་གཏོགས་ཕེབས་བསུ་སླེབས་བཅུག་མེད་པ་དང་ཉེན་རྟོག་པས་ཐད་ཀར་གླུ་བ་ཁོང་ཁྱིམ་དུ་སྐྱེལ་ཡོད་པ་རེད་འདུག ཁོང་གི་ཕྱིའི་གཟུགས་པོ་བདེ་ཐང་ཡིན་པ་ལྟར་སྣང་རུང་། གཟུགས་པོ་སྤྱིའི་སྟངས་གནས་སྐོར་ད་དུང་གསལ་ཁ་མི་འདུག ཞེས་བཀོད་འདུག

མགོན་པོ་བསྟན་འཛིན་ལགས་ནི་མདོ་ཁམས་ནགས་ཤོད་འབྲི་རུའི་ཡིན་ཞིང་ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༡༡ པའི་ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ཕྱི་ལོ་ ༢༠༡༥ ལོའི་ཟླ་བ་ ༤ ཚེས་ ༡༥ ཉིན་ལོ་གསུམ་དང་ཟླ་བ་དྲུག་གི་ཁྲིམས་ཐག་བཅད་འདུག གཞས་པ་མགོན་པོ་བསྟན་འཛིན་ལོ་གཅིག་ལྷག་ཙམ་རིང་རྒྱ་ནག་གཞུང་གིས་རྒྱག་རྡུང་མནར་གཅོད་འོག་བཀག་ཉར་བྱས་ཏེ། ཕྱི་ལོ་ ༢༠༡༥ ལོའི་ཟླ་བ་ ༤ པའི་ཚེས་ ༡༥ ཉིན་གཞི་ནས་ཁྲིམས་ཐག་བཅད་ནས་དེའི་རིང་ཆབ་སྲིད་ཁེ་དབང་འཕྲོག་རྒྱུ་ཟེར་ནས་ཡིག་ཆ་དོ་བདག་ལ་སྤྲད་ཡོད་འདུག རྒྱ་ནག་གཞུང་གིས་གཞས་པ་མགོན་པོ་བསྟན་འཛིན་ལགས་འཇུ་བཟུང་བྱ་དགོས་པའི་རྒྱུ་མཚན་ནི་དེ་སྔོན་ཁོང་གི་ཆེད་སྒྲིག་གླུ་གཞས་སྤྱིན་ཤོག་ཅིག་གི་ནང་དུ། <<གངས་ཅན་བོད་ལ་ལོ་གསར་གང་ན་ཡོད>>ཟེར་བའི་གཞས་བཏང་བའི་ནག་ཉེས་རེད་ཟེར། སྤྱིར་ཁོང་སྤྱིན་ཤོག་གཞས་ཚིག་ནང་དོན་ཤས་ཆེ་བ་བོད་མིའི་ལས་དབང་དང་། བོད་ཀྱི་སྐད་ཡིག་དར་སྤེལ། མི་རིགས་སློབ་གསོའི་སྐོར་སོགས་ཡིན་པ་རེད།

<<གངས་ཅན་བོད་ལ་ལོ་གསར་གང་ན་ཡོད>>ཅེས་པའི་གཞས་ཚིག་འདི་ལྟར།

གངས་ཅན་བོད་ལ་ལོ་གསར་གང་ན་ཡོད།
གངས་སེང་དཀར་མོ་གངས་ལ་འགྱིང་ཐག་རིང༌།
གངས་རིའི་དཔའ་བོ་གངས་ཕྱིར་འཁོད་ཐབས་བྲལ།
གངས་བུ་རྒོད་པོ་གངས་སླད་སྐྱིད་ཐབས་དབེན།
གངས་ཅན་བོད་ལ་ལོ་གསར་གང་ན་ཡོད།
གངས་རིའི་རྩེ་ནས་ཁྱི་རྒན་ཀུ་ཅོ་འདོན།
གངས་རིའི་སྐེད་ནས་སྤྱང་མོས་ངུ་ཟུག་འཐེན།
གངས་རིའི་འདབས་ནས་ཝ་མོས་གཡོ་གར་འཁྲབ།
གངས་ཅན་བོད་ལ་ལོ་གསར་གང་ན་ཡོད།
གངས་རིའི་སྙིང་ཁྲག་དྲོན་མོ་ས་ལ་གཏོར།
གངས་རིའི་རླུང་རྟ་དཀར་པོ་ཆུ་ལ་བསྐྱུར།
གངས་རིའི་ཚེ་སྲོག་དམར་པོ་མེ་ལ་སྤར།
གངས་ཅན་བོད་ལ་ལོ་གསར་གང་ན་ཡོད།
གངས་རིའི་ངུ་སྐད་རྒྱལ་ཁམས་ཡོངས་ལ་ཁྱབ།
གངས་རིའི་མིག་ཆུས་འཛམ་གླིང་བསྐོར་བ་བརྒྱབ།
གངས་རིའི་ན་ཟུག་ས་སྟེང་སུ་ཡིས་ཚོར།
གངས་ཅན་བོད་ལ་ལོ་གསར་གང་ན་ཡོད།
གངས་རིའི་གཟི་བྱིན་སྨུག་སྤྲིན་ནག་པོ་བསྒྲིབས།
གངས་རིའི་ལང་ཚོ་དུས་ཀྱི་ཉི་མས་གཟས།
གངས་རིའི་འཇིག་རྟེན་ཕལ་ཆེར་འཇིག་ལ་ཉེ།
གངས་ཅན་བོད་ལ་ལོ་གསར་གང་ན་ཡོད།
གངས་རིའི་ཐོབ་ཐང་གཞན་དབང་འོག་ན་ཡོད།
གངས་རིའི་རང་དབང་མནར་གཅོད་ཁྲོད་ན་ལུས།
གངས་ཕྲུག་རྣལ་མའི་སེམས་ཤིག་ཡོད་རྒྱུ་ན།
གངས་ཅན་བོད་ལ་ལོ་གསར་གང་ན་ཡོད།