19
Fri, Apr

༢༠༡༨ལོའི་ཟླ་༧ནས་བོད་མདོ་སྨད་མཚོ་སྔོན་མཚོ་ཤར་ཁུལ་བ་ཡན་ནམ་དཔའ་ལུང་དུ་རྒྱུག་ཆུ་ཁ་བསྒྱུར་གྱི་ལས་གཞི་ཞིག་རྒྱ་གཞུང་གིས་བཙན་གྱིས་སྤེལ་བཞིན་པ།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༧ནས་བོད་མདོ་སྨད་མཚོ་སྔོན་མཚོ་ཤར་ཁུལ་བ་ཡན་ནམ་དཔའ་ལུང་དུ་བོད་མི་ཚོའི་མངོན་འདོད་གཏན་ནས་མ་བསྟུན་པར་རྒྱུག་ཆུ་ཁ་བསྒྱུར་གྱི་ལས་གཞི་ཞིག་རྒྱ་གཞུང་གིས་བཙན་གྱིས་སྤེལ་བཞིན་པ་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག

དེ་ཡང་གནས་ཚུལ་ཐོན་པ་དེར་གཞིགས་ན་ཡུལ་མི་ཚོའི་ཞིང་ས་དང་འཁོར་ཡུག་སོགས་ལ་གནོད་འཚེ་གཏོང་བཞིན་པར་ངོ་རྒོལ་དང་ས་ཆའི་ཆེད་ཁ་གསབ་གང་ཡང་སྤྲད་མེད་པ་མ་ཟད་བོད་མི་ཚོར་དྲག་གནོན་བྱེད་རྒྱུར་དམག་དཔུང་འབོར་ཆེན་ལས་གཞི་དེ་སྤེལ་སའི་མཐར་བསྐོར་ཡོད་པ་རེད།

༢༠༡༨ཟླ་༧ཚེས་༢༠ཉིན་གནས་ཚུལ་སྤེལ་ཐོན་གསལ་ལ་གཞིགས་ན་རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་བ་ཡན་ནམ་ ༼ དཔའ་ལུང་ཧེ་རིགས་རང་སྐྱོང་རྫོང་ཆུ་མ་ཞང་ ༽དུ་རྒྱུག་ཆུ་ཁ་བསྒྱུར་ལས་གཞི་བཙན་གྱིས་སྤེལ་བ་དང༌། ཡུལ་མི་ཚོའི་ཞིང་ཁར་ཆུ་འདྲེན་དང་སྒོ་ཕྱུགས་ཀྱི་རྩྭ་ཆུར་གནོད་སྐྱོན་བཟོ་བཞིན་གསལ་འདུག

ཟླ་འདིའི་ཟླ་འགོར་སྤེལ་འགོ་བཙུགས་པའི་དཔའ་ལུང་རྫོང་ཆུ་མ་ཞེས་པར་ཆག་ཆུ་གྲམ་པ་ཁ་བསྒྱུར་གྱི་ལས་གཞི་དེས། ཆག་ཆུ་ས་ཆའི་སྐྲ་སེང་སྡེ་བ་དང་གྲོ་སྡེ་བ། མགོན་པོ་རྒྱུ། ཨ་མཆོག་དང་ཨ་སྡེ་བཅས་ཞིང་ལས་གཙོ་གཉེར་གྱི་བོད་མི། སྡེ་བ་ལྔ་ཡི་འཚོ་གནས་ལ་གནོད་པ་བཟོས་ཡོད་པ་དང༌། ས་གནས་བོད་མི་ཚོས་རྒྱ་གཞུང་གིས་ཆག་ཆུ་གྲམ་པ་ཁ་བསྒྱུར་བྱས་པ་ཡིན་ན། ཁོ་ཚོའི་ཞིང་ཁར་ཆུ་འདྲེན་དང་སྒོ་ཕྱུག་ལ་རྩྭ་ཆུས་མི་འདང་བའི་སེམས་ཕྲལ་དང༌། ལས་གཞི་དེས་ས་གནས་འབྱུང་ཁམས་ཁོར་ཡུག་ལ་ཡང་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡིན་པར་སེམས་འཚབས་གནང་གི་ཡོད་ཅིང༌། རྒྱ་གཞུང་གིས་ཆག་ཆུ་གྲམ་པ་ཁ་བསྒྱུར་གྱི་ཡུར་བ་རྐོ་སྐབས། ལོ་ཏོག་སྐྱེས་པའི་ས་ཞིང་བསྔོགས་ཏེ་ཡུལ་མི་ཚོར་ཁ་གསབ་ཙམ་ཡང་སྤྲད་མི་འདུག

རྒྱ་གཞུང་གིས་རྒྱུག་ཆུ་ཁ་བསྒྱུར་གྱི་ལས་གཞི་དེ་མ་སྤེལ་སྔོན་ལ། ས་གནས་བོད་མི་ཚོར་འདོད་མོས་ཡོད་མེད་ལ་གོ་བསྡུར་དང་བརྡ་ལན་ཅི་ཡང་སྤྲད་མེད་པ་དང༌། རྒྱུག་ཆུ་ཁ་བསྒྱུར་གྱི་ལས་གཞི་སྤེལ་ནས་གཟའ་འཁོར་གཅིག་ལྷག་ཕྱིན་ཡང༌། ས་གནས་སྲིད་གཞུང་གིས་ད་དུང་ཡུལ་མི་ཚོར་རྒྱུག་ཆུ་ཁ་བསྒྱུར་གྱི་དགོས་པ་རྒྱུ་མཚན་གསལ་བཤད་བྱས་མི་འདུག རྒྱ་གཞུང་གིས་རྒྱུག་ཆུ་ཁ་བསྒྱུར་གྱི་ལས་གཞི་དེ་ཕྱི་གསལ་ནང་གསལ་མ་བྱས་པའི་རྐྱེན་གྱིས། ས་གནས་བོད་མི་ཚོས་ཆག་ཆུ་གྲམ་པ་ཁ་བསྒྱུར་གྱི་ལས་གཞི་དེ་ནི་ས་ཁུལ་དེའི་དབང་ཆ་ཆེ་ཤོས་འཛིན་མཁན་རྒྱ་ཧེ་རིགས་སྡེ་བར་ཞིང་ཆུ་འདྲེན་པའམ། ཡང་ན་ཆུ་རགས་དང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སོགས་ས་གནས་སྲིད་གཞུང་གི་འཛུགས་སྐྲུན་ཁེ་ལས་ཀྱི་ཆེད་དུ་སྤེལ་བཞིན་པར་དོགས་གཞི་དང་ཚོད་དཔག་གནང་གི་ཡོད་པ་རེད།

ཕྱི་ལོ༢༠༡༨ལོའི་ཟླ་༧ཚེས་༡༠ཉིན་ས་གནས་བོད་མི་ཚོས་ཆག་ཆུ་གྲམ་པ་ཁ་བསྒྱུར་གྱི་ལས་གཞི་དེ་འགོག་ཐབས་བྱས་པར། ས་གནས་སྲིད་གཞུང་གིས་གསང་བའི་མི་སྣ་དང་ཉེན་རྟོག་པ་སོགས་ལས་གཞིའི་བདེ་སྲུང་དམག་དཔུང་འབོན་ཆེན་མངགས་གཏོང་གིས་ཡུལ་མིར་དྲག་གནོན་དང་འཇིགས་སྐུལ་བྱས་ཏེ་ལས་གཞི་བཙན་གྱིས་སྤེལ་མུས་ཡིན་པ་རེད། བརྒྱུད་ལམ་དུ་འབྱོར་བའི་བརྙན་ཐུང་ཁག་གི་ནང་དུ། དམག་དཔུང་འབོར་ཆེན་གྱིས་ཉེན་སྲུང་འོག་ཏུ་ས་སྔོག་འཕྲུལ་འཁོར་མང་པོས་བོད་མིའི་ས་ཞིང་སྔོག་བཞིན་ཡོད་པ་དང༌། ས་ཞིང་སྔོག་སའི་གློག་སྡོང་ཞིག་གི་སྟེང་དུ། ཁྲིམས་ལྟར་ཆུ་བོ་བཅོས་སྐྱོང་དང་ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏོང་བ། ཞེས་པའི་འཕྲེད་དར་བཏེགས་ཏེ། བོད་མི་ཚོས་སྲིད་གཞུང་གི་རྒྱུག་ཆུ་ཁ་བསྒྱུར་ལས་གཞིར་འགོག་རྒོལ་བྱས་ན། ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག་ལ། བརྙན་ཐུང་གཞན་ཞིག་གི་ནང་དུ། བོད་པ་ཞིག་གིས་སྐད་གསེང་མཐོན་པོས། ཀི་ཧུ། དཔའ་ལུང་རྫོང༌། ཞེས་ཀི་སྒྲ་སྒྲོག་བཞིན་པ་གསར་གནས་དེར་གསལ་འདུག

བཞུགས་སྒར་དུ་རྟེན་གཞི་བྱེད་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཐེངས་འདིའི་གནད་དོན་ཐད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་བ་སྦྲགས་དང་བརྗོད་དོན། རྒྱུག་ཆུ་ཁ་བསྒྱུར་གྱི་ལས་གཞི་དེ་ནི། མཚོ་སྔོན་ཞིང་ཆེན་གྱི་ཆུ་བོ་བཅོས་སྐྱོང་དོ་དམ་ལས་གཞི་༼ ཕྱི་ལོ་༢༠༠༨ནས་༢༠༣༠བར། ༽ ཟེར་བའི་རྒྱ་གཞུང་གིས་བོད་ཁུལ་གྱི་གཙང་ཆུ་ཁ་བསྒྱུར་ལས་གཞིའི་ཆ་ཤས་ཤིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ། ལས་གཞི་དེའི་ནང་དུ་རྒྱ་ནག་ས་གནས་སྲིད་གཞུང་གིས་རང་བྱུང་ཁོར་ཡུག་གི་གནས་སྟངས་དང་མང་ཚོགས་ཀྱི་འདོད་མོས་ལ་མ་བལྟས་པར་བཙན་གྱིས་གཙང་ཆུའི་ཐོན་ཁུངས་བགོ་འདྲེན་བྱེད་ཀྱི་ཡོད་འདུག

རྒྱ་ནག་གི་ཆུ་བོ་བཅོས་སྐྱོང་དོ་དམ་སྲིད་ཇུས་དེ་ནི་རྒྱུན་གནས་བྱེད་ཐབས་ཡོད་པ་མ་རེད། ཅེས་ཟེར། རྒྱ་གཞུང་གིས་ལས་གཞི་དེ་ནི་ཆུ་བོ་བཅོས་སྐྱོང་བྱས་ནས་ཆུའི་ཐོན་འབབ་ཆ་སྙོམས་བཟོ་བཞིན་ཡོད་རབས་བཤད་ཅིང༌། ལས་གཞི་དེའི་ནང་དུ་སྦུག་ལམ་ནས་ཆུ་འདྲེན་པ་དང་ཐད་ཀར་གཙང་ཆུ་ཁ་བསྒྱུར་བྱེད་རྒྱུ་སོགས་ཚུད་འདུག རྒྱ་གཞུང་གི་ལས་གཞི་དེ་དག་ནི་ཁོར་ཡུག་བཅའ་ཁྲིམས་དང་འགལ་བར་མ་ཟད། དེས་སྣོད་བཅུད་དང་སྤྱི་ཚོགས་ལ་གནོད་པ་ཚབས་ཆེན་ཐེབས་བཞིན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ནས་དུས་ཡུན་རིང་བོར་རྒྱ་གཞུང་གི་གཙང་ཆུ་ཁ་བསྒྱུར་ལས་གཞི་དེ་དག་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་ལ། གཙང་ཆུ་ཁ་བསྒྱུར་གྱི་ཡུར་བ་རྐོ་བ་དང་ཆུ་མཛོད་རྩིག་པ་དེས་ཆུ་ནང་གི་སྲོག་ཆགས་ལའང་གནོད་འཚེ་གཏོང་གི་ཡོད་པ་རེད། ཕྱི་ལོ་༢༠༡༠ ལོའི་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཆུ་དང་གཙང་སྦྲ་ནི་འགྲོ་བ་མིའི་ཐོབ་ཐང་དང༌། འགྲོ་བ་མིའི་ཐོབ་ཐང་ཁག་གི་སྔོན་འགྲོ་ཡིན་པར་ངོས་འཛིན་གནང་ཡོད། རྒྱ་གཞུང་གིས་རྒྱུན་གནས་མི་ཐུབ་པའི་ཆུ་བོ་བཅོས་སྐྱོང་དོམ་དམ་སྲིད་ཇུས་ལག་བསྟར་བྱས་པ་དེས། ས་གནས་བོད་མིའི་འཐུང་ཆུའི་ཐོབ་ཐང་ལ་རྡོག་རོལ་བཏང་བར་མ་ཟད། བཟའ་བཅའ་ཐོན་སྐྱེད་ཀྱི་ཐོབ་ཐང་དང༌། ཁོར་ཡུག་གི་བདེ་ཐང་ལ་འགན་སྲུང་བྱེད་པའི་ཐོབ་ཐང༌། དེ་བཞིན་འཚོ་རྟེན་ཐོན་ལས་འགན་སྲུང་གི་ཐོབ་ཐང་སོགས་ཐོབ་ཐང་གཞན་དག་ལའང་རྡོག་རོལ་གཏོང་མུས་ཡིན་པ་རེད། ཅེས་གསུངས་འདུག

ལྟེ་གནས་ཁང་དེའི་ངོས་ནས་མུ་མཐུད་བརྗོད་དོན། རྒྱ་གཞུང་གིས་གཙང་ཆུ་ཁ་བསྒྱུར་གྱི་ལས་གཞི་ཁག་མྱུར་དུ་མཚམས་བཞག་ནས་ས་གནས་བོད་མིའི་འཐུང་ཆུའི་ཐོབ་ཐང་ལ་བརྩི་བཀུར་དང༌། ཁོར་ཡུག་ཡུན་གནས་ཐུབ་པའི་སྲིད་ཇུས་ཡར་རྒྱས་གཏོང་དགོས་པ་དང༌། རྒྱ་གཞུང་གིས་ཆུ་བོ་བཅོས་སྐྱོང་ལས་གཞི་འཆར་འགོད་དང་ལག་བསྟར་བྱེད་སྐབས། ངེས་པར་དུ་ཁོར་ཡུག་གི་ཡུན་གནས་དང་མང་ཚོགས་ཀྱི་འཚོ་རྟེན་གཙིགས་ཆེར་འཛིན་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་གསལ་འདུག