20
Fri, Jul
34 New Articles

གློག་བརྙན་མི་སྣ་ཞིག

བོད་ཀྱི་གསར་འགྱུར།
Typography

སྐབས་འདིར་ཅུང་བྲེལ་བའི་ངང་དུ་ཡོད་པས་ཁྱེད་ཅག་ལ་རེ་རེ་བཞིན་ལན་བསློག་མ་ནུས་པར་དགོངས་དག་ཞུ། ཁོམ་ཞིང་དལ་བའི་སྐབས་སུ་ཁ་བརྡ་ལྷུག་པོར་གློད་ཆོག འདི་ནི་གཟིམས་མེད་སྐྱིད་པའི་མཚན་མོ་ཞིག་སྟེ། ང་རང་ལམ་བུ་འདིར་ཞུགས་ཏེ་བློ་ཕམ་ཞིང་སེམས་སྟོང་བར་གྱུར་བའི་སྐབས་སུ་ཕྲན་ལ་བློས་འགེལ་ཡིད་ཆེས་གནང་བའི་གྲོགས་པོ་དག་གིས་མཛའ་བའི་ལག་གདང་མ་ལྷོད་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བོད་ཀྱི་གློག་བརྙན་ཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ལགས་ཀྱིས་བརྗོད་ཡོད་འདུག

དེ་ཡང་ཟླ༦་པའི་ཚེས་༢༤་ཉིན་གྱི་དགོང་མོར། སྐབས་ཉེར་གཅིག་པའི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གསེར་གྱི་ཁྲུང་ཕོར་རྟགས་མའི་བྱ་དགའ་སྤྲོད་པའི་མཛད་སྒོ་ཧྲང་ཧེ་ཟློས་གར་ཁང་ཆེན་མོ་ནས་གཟབ་རྒྱས་ངང་སྤེལ་བ་དང་།་བོད་ཀྱི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་(ང་ཡི་ཆང་གསོལ་རོགས)་ལ་གསེར་གྱི་ཁྲུང་ཕོར་རྟགས་མའི་འཁྲབ་གཞུང་རྩེ་གྲའི་རྟགས་མ་དང་དཔྱད་འདེམས་ཚོགས་པའི་བྱ་དགའ་ཆེན་མོ་ཐོབ། དེ་བཞིན་རེབ་འདིའི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ལ་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བ་༡༠༨་ནས་ཐོན་པའི་གློག་བརྙན་བརྩམས་ཆོས་༣༤༤༧་འགྲན་ཞུགས་བྱས་ཡོད་པ་དང་། དེའི་ཁྲོད་ཀྱི་རྒྱལ་ཁབ་དང་ས་ཁུལ༧༣་གྱི་གློག་བརྙན་༥༩༠་འགྲན་བསྡུར་གཙོ་བོའི་སྡེ་ཚན་གྱི་རྣམ་གྲངས་༨་ལ་ཞུགས་ཏེ་འདེམ་བསྡུར་བྱས་པར། མཐའ་མཇུག་གློག་བརྙན་༡༣་གཟེངས་སུ་ཐོན་པ་དང་།

ཟོན་ཐར་རྒྱལ་གྱི་གློག་བརྙན(ང་ཡི་ཆང་གསོལ་རོགས།)ཞེས་པ་ཡང་གློག་བརྙན་༡༣་པོ་དེའི་ཁྲོད་ཚུད་ཡོད་པ་རེད་འདུག གློག་བརྙན་(ང་ཡི་ཆང་གསོལ་རོགས།)་ཞེས་པའི་ནང་དུ། སྐྱེས་པ་ཞིག་གིས་ཁྱད་དུ་འཕགས་པའམ་ཡང་ན་ལྗིད་ཏིག་ཏིག་གི་འགྲུལ་བཞུད་རིང་མོའི་ཁྲོད། ན་བས་གདུང་བའི་ཆུང་མའི་གསང་བར་གདོང་གཏད་པ་དང་ཁོའི་འཚོ་བའི་ཁྲོད་བྱིས་པ་ཆ་མེད་ཅིག་ཐོལ་གྱིས་ཐོན་པའི་སོམ་ཉིར་ཚུད་པའི་རྙོག་འཛིང་གི་སེམས་ཁམས། འགྲུལ་བཞུད་མཇུག་རྫོགས་མཐར་ཡང་བསྐྱར་སེམས་ཀྱི་ལམ་གསར་བ་ཞིག་མགོ་བརྩམས་ཚུལ་སོགས་བརྗོད་ཡོད། འཁྲབ་ཁྲིད་པ་ཁོང་གིས་ཧ་ཅང་ཞིབ་ཆ་ལྡན་པའི་ངང་དངོས་ཡོད་མཛེས་སྡུག་གི་མཐོང་སྣེ་བེད་སྤྱད་དེ་སྣ་མང་སྣེ་འཛིང་གི་བརྩེ་བའི་གཏམ་རྒྱུད་ཅིག་རྒྱུན་མ་ཆད་པར་བརྗོད་ཡོད་པར་མ་ཟད། བརྩེ་བ་ལ་ངེས་པར་ཡོད་འོས་པའི་རིན་ཐང་དང་མཐོ་ཚད་ལ་ཐུན་མོང་མ་ཡིན་པའི་གསལ་འགྲེལ་བྱས་ཡོད་པ་རེད།

ཟླ་ངོ་གསུམ་རིང་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་བརྒལ་ཏེ་ཕབ་སྐྲུན་བྱས་པའི་གློག་བརྙན་འདི་ནི། འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་བརྩམས་ཆོས་རིང་གྲས་གསུམ་པ་ཡིན་པ་དང་། གློག་བརྙན་གྱི་ལམ་དུ་ཐོག་མར་ཞུགས་པའི་བོད་ཀྱི་གཞས་པ་གྲགས་ཅན་གཡུང་དྲུང་རྒྱལ་དང་། ན་གཞོན་འཁྲབ་སྟོན་པ་ཉི་མ་སྲུང་སྲུང་། སྲས་མཆོག་རྒྱལ་བཅས་གསུམ་གྱིས་གཙོ་འཁྲབ་བྱས་ཤིང་། བོད་སྐད་ལས་རྒྱལ་རོང་ཡུལ་སྐད་ཀྱིས་ཕབ་སྐྲུན་བྱས་པའི་གློག་བརྙན་བརྩམས་ཆོས་ཆེས་ཐོག་མའང་ཡིན་པ་རེད། དེ་སྔ་ཟོན་ཐར་རྒྱལ་གྱི་བརྩམས་ཆོས་ཐོག་མ་(དབུས་ལམ་གྱི་ཉི་མར།)ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་བཅུ་བཞི་བའི་ཡ་གླིང་གི་མི་སྣ་གསར་བའི་གཟེངས་རྟགས་ཐོབ་པ་དང་། བརྩམས་ཆོས་གཉིས་པ(་གཙང་བོའི།)གཙོ་འཁྲབ་པ་བུ་མོ་ཆུང་ཆུང་དབྱངས་ཅན་ལྷ་མོར་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་བཅོ་བརྒྱད་པའི་ཡ་གླིང་གི་མི་སྣ་གསར་བའི་གཟེངས་རྟགས་ཁྲོད་འཁྲབ་སྟོན་པ་རྩེ་གྲའི་གཟེངས་རྟགས་ཐོབ་མྱོང་འདུག བཀྲ་ཤིས་ཟླ་བ་དང་ཟོན་ཐར་རྒྱལ་གཉིས་ཀྱི་འཁྲབ་གཞུང་ལ་གསེར་གྱི་ཁྲུང་ཕོར་རྟགས་མའི་དཔྱད་འདེམས་ཚོགས་པ་ཡིས། “མིའི་རིགས་ཀྱི་སེམས་ཀྱི་འགྲུལ་བཞུད་ལ་གདན་ཞུ་གནང་མཁས་ཀྱི་གློག་བརྙན་ཞིག”ཅེས་བྱ་དགའི་ཚིག་ལ“ལམ་དུ་ཞུགས་ཐེངས་རེ་རེ་ནི་སྐྱེས་བུ་རང་ཉིད་འཚོལ་བའི་ཆེད་དུ་ཡིན་པ་དང་། ལམ་བུ་ཉིད་ནི་དམིགས་སའི་གནས་དེ་ལས་ཀྱང་གལ་ཆེ་བ་ཡིན། གལ་སྲིད་མིའི་རིགས་ཀྱིས་འདོད་སྲེད་དང་བདག་འཛིན་དོར་བ་ཡིན་ན། སྐྱེ་བོ་སུའང་ཡར་ནས་ཡར་ལ་འགྲོ་བའི་ལམ་ལ་ཞུགས་པ་མ་ཡིན་ནམ། འདིར་ངེད་ཅག་གིས་བྱ་དགའི་གསོལ་རས་འདི་ངེད་ཅག་མིའི་རིགས་ཀྱི་བསམ་པའི་ལམ་བུར་གདན་འདྲེན་མཁན་གང་དེར་བསྩལ་བར་བྱའོ”ཞེས་བྲིས་ཡོད་འདུག

དཔྱད་འདེམས་ཚོགས་པའི་བྱ་དགའ་ཆེན་མོ་སྤྲོད་དུས་སུ་དཔྱད་འདེམས་ཚོགས་པས(ང་ཡི་ཆང་གསོལ་རོགས།)ལ་གདེང་འཇོག་ཆེན་པོ་གནང་ཡོད་ཅིང་། གདེང་འཇོག་གི་ཚིག་ཏུ“གློག་བརྙན་འདི་ནི་ཀུན་སློང་གཙང་ཞིང་གཏིང་ཟབ་པ་དང་། དཔའ་གདེང་ལྡན་ཞིང་རང་ཚུགས་ཐུབ་པ་ཞིག་སྟེ། འདིར་མི་དང་མིའི་བར་གྱི་རྙོག་འཛིང་གི་འབྲེལ་བ་བརྗོད་ཡོད་པ་དང་། མི་ཚེའི་མཐར་ཐུག་གི་དཀའ་ཉོག་ལ་འཕྲད་དུས་ཀྱི་རེ་བ་དང་དེ་ལས་སྒྲོལ་བའི་དོན་ཡང་ཞིབ་ཏུ་མཚོན་འདུག”ཅེས་བྲིས་འདུག འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གློག་བརྙན་འཁྲབ་ཚན་ཚོགས་ཆུང་གི་མི་སྣ་དང་བཅས་གར་སྟེགས་སུ་བུད་ནས་བྱ་དགའ་ལེན་དུས་སུ་ཁོང་གིས་སེམས་འགུལ་ཟབ་མོ་ཐེབས་པའི་ངང“བྱ་དགའ་ཐོབ་པ་ལ་ང་རང་དགའ་ཚོར་ཆེན་པོ་བྱུང་། བྱ་དགའ་ཆེན་པོ་གཉིས་ཐོབ་པ་འདི་ཧ་ཅང་བློ་ཡུལ་ལས་འདས་པ་ཞིག་རེད” ཅེས་བརྗོད་ཡོད་པ་དང་། ཁོང་གིས(ང་ཡི་ཆང་གསོལ་རོགས།)ཀྱི་གཏམ་རྒྱུད་ལ་ར་རོའི་དྲི་མས་མ་གོས་པར་ས་ཁུལ་གྱི་རང་བཞིན་འབུར་དུ་ཐོན་ཡོད་པས། བདག་གིས་ཆེད་དུ་མ་ཡུམ་ས་གཞི་འདི་ཡིས་ཆུ་རྒྱུན་བཞིན་རྫོགས་མཐའ་མེད་པའི་གཏམ་རྒྱུད་ཀྱི་ས་བོན་གང་མང་མང་ཞིག་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད་ཡོད་པ་དང་། ཡང་སྤྱི་འབྲེལ་དྲ་ལམ་དུ་སྤེལ་བའི་ཟོན་ཐར་རྒྱལ་དྲིན་གཟོའི་གཏམ་དུ། “ཕྲན་ལ་མཚོན་ན་འདི་ནི་ལས་བསོད་ཀྱི་སྐལ་བ་སྨིན་པའི་དོན་ཞིག་གོ །

གློག་བརྙན(ང་ཡི་ཆང་གསོལ་རོགས།)ལ་དཔྱད་འདེམས་ཚོགས་པའི་བྱ་དགའི་གསོལ་རས་ལེགས་ཤོས་དང་། འཁྲབ་གཞུང་རྩེ་གྲའི་བྱ་དགའ་ཐོབ་པ་ལ་ཕྲན་ནི་དགའ་བ་འབུམ་གྱིས་མྱོས་ཡོད། འདི་ལྟ་བུའི་གྲུབ་འབྲས་ནི་གློག་བརྙན་ལས་མི་ཡོངས་ཀྱི་འབད་བརྩོན་དང་སྙིང་རུས་ལ་འབྲལ་ཐབས་མེད་ཅིང་གྲོགས་པོ་དང་དགེ་རྒན་དག་གི་བརྩེ་བས་རྗེས་སུ་བཟུང་བ་དང་ཡང་འབྲལ་ཐབས་མེད། སྐབས་འདིར་ཅུང་བྲེལ་བའི་ངང་དུ་ཡོད་པས་ཁྱེད་ཅག་ལ་རེ་རེ་བཞིན་ལན་བསློག་མ་ནུས་པར་དགོངས་དག་ཞུ། ཁོམ་ཞིང་དལ་བའི་སྐབས་སུ་ཁ་བརྡ་ལྷུག་པོར་གློད་ཆོག འདི་ནི་གཟིམས་མེད་སྐྱིད་པའི་མཚན་མོ་ཞིག་སྟེ། ང་རང་ལམ་བུ་འདིར་ཞུགས་ཏེ་བློ་ཕམ་ཞིང་སེམས་སྟོང་བར་གྱུར་བའི་སྐབས་སུ་ཕྲན་ལ་བློས་འགེལ་ཡིད་ཆེས་གནང་བའི་གྲོགས་པོ་དག་གིས་མཛའ་བའི་ལག་གདང་མ་ལྷོད་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད་ཡོད་པ་རེད།

ཡོངས་ཁུངས་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ།

གསལ་བསྒྲགས་ཀྱི་ས་མིག