18
Thu, Apr

བཅའ་ཁྲིམས་དང་འགལ་བའི་ཉེས་འཛུགས་འོག་གྲྭ་བ་གཉིས་འཛིན་བཟུང་བྱས་ཡོད་འདུག

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

བོད་མདོ་སྨད་དུ་འཕྲིན་ཕྲན་རྒྱབ་ལྗོངས་སུ་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་འགལ་བའི་པར་རིས་དང་རྩོམ་ཡིག་སྤེལ་བའི་ཉེས་འཛུགས་འོག་གཙང་དགོན་པའི་དགེ་འདུན་པ་གཉིས་འཛིན་བཟུང་གིས་གྲྭ་འོད་ཆུང་རྒྱ་མཚོ་མུ་མཐུད་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་ཕྱི་ཟླ་༤ཚེས་༡༦ཉིན་མཚོ་སྔོན་འབའ་རྫོང་སྤྱི་བདེ་ཉེན་རྟོག་མི་སྣས། གཙང་དགོན་དོན་གྲུབ་རབ་བརྟན་གླིང་གི་གྲྭ་འོད་ཆུང་རྒྱ་མཚོ་དང་དགེ་འདུན་པ་གཞན་གཅིག་བཅས་འཛིན་བཟུང་གིས་གྲྭ་འོད་ཆུང་རྒྱ་མཚོ་ཞུ་བ་ཞིག་བཀག་ཉར་བྱས་འདུག་ལ། ཁོང་བཀག་ཉར་བྱེད་དོན་ནི། ཁོང་གི་འཕྲིན་ཕྲན་རྒྱབ་ལྗོངས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་འགལ་བའི་པར་རིས་དང་རྩོམ་ཡིག་སྤེལ་རབས་ཀྱི་ཉེས་འཛུགས་བྱས་པ་ཞིག་རེད།

འབྲེལ་ཡོད་མི་སྣས་བརྗོད་དོན་ལྟར་ན། འདི་ལོའི་ཕྱི་ཟླ་༣ པའི་ནང་གཙང་དགོན་པའི་དགེ་འདུན་པ་ཚོར་གཙང་དགོན་པའི་ཁྲིམས་ལུགས་ཁྲིམས་སྲོལ་ཞེས་པའི་བརྗོད་གཞིའི་འོག་ཏུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་སྐོར་གྱི་གསོ་སྦྱོང་ཚོགས་འདུ་བསྡུས་ཏེ། ཆབ་སྲིད་སློབ་གསོ་སྤྲད་པ་མ་ཟད། དོགས་གཞིའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་བརྒྱུད། གྲྭ་འོད་ཆུང་རྒྱ་མཚོ་དང་དགེ་འདུན་པ་ཁ་ཤས་ཀྱིས་འཕྲིན་སྟེགས་སྟེང་དུ་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་འགལ་བའི་པར་རིས་དང་རྩོམ་ཡིག་སྤེལ་ལུགས་བསྙད་ནས། ཁོ་ཚོར་རང་སྐྱོན་ངོས་ལེན་གྱི་ཡི་གེ་འབྲི་རུ་བཅུག་ཡོད་འདུག

ད་ལྟ་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་དྲ་ལམ་དང་ཁ་པར་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་བཀག་སྡོམ་ཤུགས་ཆེར་བཏང་ཡོད་པའི་རྐྱེན་གྱིས། གནས་ཚུལ་ཁ་གསལ་ཞིག་རྒྱུས་ལོན་བྱེད་ཐབས་མེད་ཀྱང༌། གནས་ཚུལ་མཁོ་སྤྲོད་པའི་འགྲེལ་བརྗོད་ལ་གཞིགས་ན། གཙང་དགོན་པའི་དགེ་འདུན་པ་ཚོར་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་སྐོར་སྒྲོག་འགྲེལ་དང་ཆབ་སྲིད་སློབ་གསོ་སྤྲད་པ་ཙམ་མ་ཟད། དོགས་ཡོད་དགེ་འདུན་པ་མང་པོར་ཞིབ་བཤེར་བརྒྱུད། གང་བྱུང་འཛིན་བཟུང་བཙན་འཁྲིད་དང་བཀག་ཉར་འདྲི་གཅོད། ཉེས་འཛུགས་ཆད་གཅོད་སོགས་ལག་བསྟར་བྱས་ཡོད་པ་དཔག་ཐུབ་པ་ཞིག་རེད།

ཕྱི་ལོ་༢༠༡༧ཟླ་༦ཚེས་༡ཉིན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་ཟེར་བ་དངོས་སུ་ལག་བསྟར་བྱས་པ་ནས། བཅའ་ཁྲིམས་དེའི་འོག་ཏུ་སྤྱི་དམངས་ཀྱི་གཞི་རྩའི་བསམ་བརྗོད་རང་དབང་རྡོག་རོལ་བཏང་སྟེ། མི་མང་གིས་དྲ་ལམ་དུ་དངོས་ཡོད་གནས་ཚུལ་སྤེལ་བའམ་སོ་སོའི་བསམ་ཚུལ་བརྗོད་པ་ནི། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མེས་རྒྱལ་གོང་བུ་གཅིག་གྱུར་མགོ་རྟོག་སློག་པའི་ངན་སྐུལ་དང༌། ཆོས་ལུགས་ལོག་སྤྱོད་དང་འཇིགས་སྐུལ་ཐལ་སྤྱོད་རིང་ལུགས་པར་ངན་འབྲེལ། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག ཁ་བྲལ་རིང་ལུགས་པར་ངན་སྐུལ་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་རབས་ཀྱི་ནག་ཉེས་བཙན་འགེལ་བྱེད་ཀྱིན་ཡོད་ལ། ཐ་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་གྱི་སྤྱི་དམངས་ཀྱི་རང་དབང་ཐོབ་ཐང་ཁག་བརྩིས་མེད་བཏང་ནས། ས་གནས་སྲིད་གཞུང་གིས། སྲིད་གཞུང་ལ་སྐྱོན་བརྗོད་དམ་དངོས་ཡོད་གནས་ཚུལ་བཤད་མཁན་དང་འབྲི་མཁན། ལྷག་པར་དུ་ཆབ་སྲིད་ཀྱི་བསམ་ཚུལ་མི་མཐུན་པའི་མི་མང་གང་བྱུང་འཛིན་བཟུང་བཀག་ཉར་གྱིས། འདྲི་གཅོད་དང་མནར་གཅོད། ཆད་གཅོད་སོགས་ལག་བསྟར་བྱེད་བཞིན་ཡོད་པ་རེད།

ད་ལྟ་བཀག་ཉར་བྱས་པའི་གྲྭ་འོད་ཆུང་རྒྱ་མཚོ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་སོག་རྫོང་གཙང་ཨ་རིག་ཉི་མཐའ་ཡུལ་ཚོ་བདེ་ལྡན་སྡེ་བ་ནས་ཡིན་ཞིང༌། གཙང་དགོན་དོན་གྲུབ་རབ་བརྟན་གླིང་གི་གྲྭ་བ་ཡིན་འདུག ཕྱི་ལོ་༢༠༠༨ ལོའི་བོད་ས་བྱི་ཞི་རྒོལ་སྐབས་སུ། གཙང་དགོན་པའི་དགེ་འདུན་པ་༥༠༠ ལྷག་གིས་དགོན་པའི་ཁང་ཐོག་ཏུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང༌། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཁྱེར་ནས་ཞི་རྒོལ་གནང་ཞིང༌། ཕྱི་ལོ་༢༠༡༧ ཟླ་༤ ཚེས་༢༨ ཉིན་དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་མི་ལོ་༡༠ ཡི་དུས་བཀག་བཙོན་འཇུག་གི་དུས་ཡུན་ཚང་ནས་གློད་གྲོལ་བཏང་བ་དང༌། ཁོང་ནི་ཕྱི་ལོ་༢༠༠༨ ཟླ་༣ ནང་ཞི་རྒོལ་ནང་མཉམ་ཞུགས་གནང་མཁན་དགེ་འདུན་པ་གཞན་གཉིས་དང་མཉམ་དུ་འཛིན་བཟུང་བཙོན་འཇུག་བྱས་པ་ཞིག་ཡིན་ལུགས་སོགས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འགྲེལ་བརྗོད་གནང་འདུག

གསར་འགོད་པ་བསྟན་འཛིན་ནོར་རྒྱས།