19
Fri, Apr

ནག་ཚོགས་སྟོབས་ཤུགས་ཀྱི་ཉེས་གསོག་གྱོད་གཞིའི་ཁུངས་སྣེ་ཐེར་འདོན་བྱེད་དགོས་རྒྱུའི་སྐོར་གྱི་ལྗོངས་སྤྱི་བདེ་ཐིང་གི་བརྡ་ཁྱབ། ངོ་བཤུས། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༣་ཚེས་༡༣་ཉིན་བོད་ནག་ཆུ་རྫོང་སྤྱི་བདེ་ཅུད་ནག་ཚོགས་ངན་ཤུགས་གཙང་སེལ་དང་བྱ་ངན་བཅོས་སྒྲིག་གཞུང་ལས་ཁང་ཟེར་བའི་མིང་ཐོག་ནས་ནག་ཚོགས་ངན་ཤུགས་གཙང་སེལ་དང་བྱ་ངན་བཅོས་སྒྲིག་ཐད་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་པའི་ལམ་སྲོལ་ཟེར་བའི་དོན་ཚན་༢༣ ཡོང་པའི་ཡིག་ཆ་ཞིག་འགྲེམས་བསྒྲགས་བྱས་ཏེ་ད་ལྟའི་ཆར་ས་ཁུལ་དེར་ཡོད་བོད་མི་རྣམས་རྒྱ་གཞུང་གི་དམ་དྲག་ཆེན་པོའི་འོག་གནས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡ྄ང་རྒྱ་ནག་གཞུང་གིས་བཙུགས་པའི་ས་གནས་གཞུང་གི་ཡིག་ཆ་དེའི་ནང་ནག་ཆུ་རྫོང་གི་ཉེན་རྟོག་ལས་ཁུངས་ལ་གསང་བ་རྩིས་སྤྲོད་བྱེད་མཁན་ལ་གནད་དོན་ཆེ་ཆུང་ལ་གཞིགས་པའི་བྱ་དགའ་སྤྲོད་ཐབས་རིམ་པ་གཏན་འབེབས་བྱས་ཡོད་ཅིང་། དེའི་ནང་དམིགས་བསལ་ཕྱི་ཕྱོགས་བཙན་བྱོལ་བོད་མིར་འབྲེལ་བ་བྱེད་མཁན་དང་བོད་ནང་ཆོས་དང་རིག་གཞུང་གི་གོ་རྟོག་སློབ་གསོ་རྒྱག་མཁན་སོགས་ཐེར་འདོན་རྩིས་སྤྲོད་ར་སྤྲོད་བྱུང་ཚེ་རྒྱ་སྒོར་ཁྲི་ལྔ་ནས་འབུམ་གཅིག་བར་སྤྲོད་རྒྱུའི་གཏན་འབེབ་བྱས་འདུག དེའི་སྐོར་འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་གསར་ཁང་ལ་ཁུངས་ལྡན་ཡིག་ཆ་དེ་དག་གི་ངོ་ཤུས་མཁོ་སྤྲོད་དང་འབྲེལ་གནས་ཚུལ་འགྲེལ་བརྗོད་གནང་སོང་།

ནག་ཆུ་རྫོང་ཉེན་རྟོག་ལས་ཁུངས་ཟེར་བས་བཀྲམས་པའི་ཡིག་ཆ།

དོན་ཚན་དང་པོའི་ནང་། ཆབས་སྲིད་བདེ་འཇགས་ལ་འཇིགས་སྐུལ་གཏོང་བ་དང་ལྷག་པར་དུ་སྲིད་དབང་བདེ་འཇགས་དང་ལམ་ལུགས་བདེ་འཇགས་དེ་བཞིན་ཆབ་སྲིད་ཁྱབ་ཁོངས་ནང་དུ་སིམ་འཛུལ་བྱེ་ད་པའི་ནག་ཚོགས་ཐེར་འདོན་གོང་ཞུ་བྱེད་མཁན་ལ་སྤྱི་བདེ་ཅུས་ཀྱིས་དོན་དངོས་ར་སྤྲོད་བྱུང་ཚེ་རྒྱ་སྒོར་་༡༠༠༠༠༠ འབུམ་གཅིག་གི་་བྱ་དགའ་སྤྲོད་རྒྱུ། དངོས་ཡོད་གནོད་ཚེ་དང་སྤྱི་ཚོགས་བརྟན་ལྷིང་ལ་གནོད་པའི་གསང་བ་ཅན་གྱི་ཁུངས་སྣེ་རྩིས་སྤྲོད་བྱེད་མཁན་ལ་བྱ་དགའ་གྲངས་ཚད་མེད་ཅེས་བཀོད་ཡོད་པ་་རེད།

དོན་ཚན་གཉིས་པ། ཁ་བྲལ་གཏོར་བཤིག་བྱ་འགུལ་ནང་དུ་ཞུགས་ཤིང་ལག་བསྟར་བྱེད་མཁན་གྱི་ནག་ཚོགས་སྟོབས་ཤུགས་རྩིས་སྤྲོད་བྱེད་མཁན་ལ་བྱ་དགའ་རྒྱ་སྒོར་་༡༠༠༠༠༠སྤྲོད་རྒྱུ།

དོན་ཚན་གསུམ་པ། ཆོས་ལུགས་བེད་སྤྱད་ནས་གཞི་རིམ་སྲིད་དབང་དང་ཁྲིམས་འཛིན་སློབ་གསོ་སོགས་ཀྱི་བྱ་དངོས་ལ་ཐེ་བྱུས་བྱེད་མཁན་ནག་ཚོགས་སྟོབས་ཤུགས་རྩིས་སྤྲོད་བྱུང་ཚེ་རྒྱ་སྒོར་༡༠༠༠༠༠སྤྲོད་རྒྱུ།

དོན་ཚན་ལྔ་པ། དཔལ་འབྱོར་དང་དམངས་གཙོ། ཁོར་ཡུག་སྲུང་སྐྱོབ། དམངས་སྲོལ། རིགས་གནས་སོགས་ལ་ཁ་གཡར་ཏེ་ཕྱི་ཚུལ་དུ་མགྲིན་ཚབ་པ་ཡིན་ཁུལ་བྱས་ཏེ་དོན་དངོས་ཐོག་ཏཱ་ལའི་རུ་ཚོགས་དང་མངའ་ཁོངས་ཕྱིའི་དགྲ་ཕྱོགས་སྟོབས་ཤུགས་ཐེར་འདོན་བྱུང་ཚེ་སྒོར་༥༠༠༠༠སྤྲོད་རྒྱུ།

དོན་ཚན་དྲུག་པ། གུ་དོགས་མི་རིགས་རིང་ལུགས་ཀྱི་བསམ་བློ་ངན་སྐུལ་བྱེད་མཁན་གྱི་ནག་ཚོགས་སྟོབས་ཤུགས་ཐེར་འདོན་ར་སྤྲོད་བྱུང་ཚེ་རྒྱ་སྒོར་༥༠༠༠༠སྤྲོད་རྒྱུ།

དོན་ཚན་བཅུ་དྲུག་པ། ཁྲིམས་འགལ་ཐོག་ནས་ཞལ་འདེབས་བསྡུ་བ་དང་མ་དངུལ་རུབ་བསྡུས་བྱེད་པ། ཞལ་འདེབས་རྒྱག་པ། མང་ཚོགས་ཀྱི་བསྙེན་བཀུར་བཙན་ཤེད་དང་ལེན་བྱེད་པ། བརྔན་པ་ཟ་བ། ཁ་བྲལ་བྱ་འགུལ་ནང་ཞུགས་པ་བཅས་ཀྱི་རྩ་འཛུགས་དང་མི་སྒེར་རྩིས་སྤྲོད་བྱུང་ཚེ་རྒྱ་སྒོར་༡༠༠༠༠་སྤྲོད་རྒྱུ་ཞེས་འཁོད་འདུག

གོང་གསལ་ཆབ་སྲིད་དང་རིགས་གཞུང་དང་འབྲེལ་བའི་དོན་ཚན་དེ་དག་ཐོག་ནས་མང་ཚོགས་ཀྱིས་ཕྱི་ཕྱོགས་བཙན་བྱོལ་བོད་མིར་འབྲེལ་བ་བྱེད་པ་དང་དེ་བཞིན་ནད་པ་དང་ཉམས་ཐག་ལ་ཞལ་འདེབས་རོགས་དངུལ་སྤྲོད་ལེན་བྱེད་པ། མང་ཚོགས་ལ་བོད་ཀྱི་ཆོས་དང་རིག་གཞུང་གི་གོ་རྟོག་སློབ་སྦྱོང་སྤྲོད་རྒྱུ་བཅས་ལ་དམིགས་བསལ་དམ་དྲག་བྱས་ཡོད་པ་རེད། ཡིག་ཆ་དེའི་ནང་ཆབ་སྲིད་དང་ཆོས་རིག་གཞུང་དང་མ་འབྲེལ་བའི་དོན་ཚན་༦ཕུད་པའི་གཞན་རྣམས་ནི་ས་ཞིང་དང་ལས་གྲའི་རྣམ་གྲངས་འཛུགས་སྐྲུན། ཚོང་གི་གནད་དོན། རྒྱན་འཛུགས། འཁྲུག་འཛིངས་སོགས་ཁྲིམས་འགལ་བྱེད་མཁན་རིགས་ལ་རྒྱ་སྒོར་ལྔ་སྟོང་ནས་ཁྲི་གཉིས་བར་སྤྲོད་རྒྱུའི་གཏན་འབེབས་བྱས་འདུག

ད་དུང་གསང་བ་རྩིས་སྤྲོད་བྱེད་མཁན་བྱེད་མཁན་གྱི་གསང་བ་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་རྒྱུ་མ་ཟད། ཐེར་འདོན་གོང་ཞུ་བྱེད་མཁན་ལ་རྡུང་རྡེག་འཁོན་ལན་སློག་ཚེ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ་ཡིིན་ཞེས་འཁོད་ཡོད་པ་རེད།

གཞན་ཡང་ནག་ཆུ་རྫོང་ཉེན་རྟོག་ཁང་གིས་ཡིག་ཆ་དེ་བཀྲམས་པའི་རྗེས་དང་དེང་སྐབས་ནག་ཆུ་ས་ཁོངས་གིི་བོད་མི་ཚོས་ཕྱི་ཕྱོགས་སུ་རང་གི་དགའ་ཉེ་སྤུན་མཆེད་ནང་མི་ཉེ་འབྲེལ་ཚོར་འབྲེལ་བ་བྱེད་ཕོད་ཀྱི་མེད་པ་མ་ཟད། ཁོང་རྣམ་པས་སྐད་འཕྲིན་དང་སྤྱི་ཚོགས་དྲ་རྒྱ་རྣམས་ཀྱང་དེང་སྐབས་འབྲེལ་ལམ་མ་བཅད་ཀ་མེད་ཆགས་པ་དང་། མ་ཟད་ཁོང་ཚོས་ད་ནི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་ཡང་མི་འདུག་ཅེས་སེམས་སྡུག་ཆེན་པོ་བྱེད་བཞིན་ཡོད་པ་རེད།

"ནག་ཚོགས་སྟོབས་ཤུགས་ཀྱི་ཉེས་གསོག་གྱོད་གཞིའི་ཁུངས་སྣེ་ཐེར་འདོན་བྱེད་དགོས་རྒྱུའི་སྐོར་གྱི་ལྗོངས་སྤྱི་བདེ་ཐིང་གི་བརྡ་ཁྱབ་"ཅེས་པ་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཟེར་བས་༢༠༡༨ལོའི་ཟླ༢ ཚེས༧ཉིན་ཡས་མས་ནས་དངོས་སུ་འགྲེམས་སྤེལ་བྱས་ཟིན་ཡོད་ཀྱང་"ནག་ཚོགས་སྟོབས་ཤུགས་"རྩིས་སྤྲོད་བྱེད་མཁན་ལ་བྱ་དགའི་དངུལ་འབོར་གང་ཡིན་ཡིག་ཆ་དེ་དག་ཏུ་གསལ་མི་འདུག་པ་བཅས།།