20
Sat, Apr

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༣།༢༩ཉིན་སྤེལ། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་འབར་ཁམས་མི་མང་ཁྲིམས་ཁང་གིས་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་སངས་རྒྱས་ལགས་ལ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་༢༠ ཡས་མས་སུ། རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་པའི་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་སངས་རྒྱས་ལགས་སུ། རང་ལུས་མེར་བསྲེགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པ་དང་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ཉེས་མིང་འོག ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་འབར་ཁམས་མི་མང་ཁྲིམས་ཁང་གིས་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

དེ་སྔ་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༤  ཉིན་རྔ་བ་རྫོང་ཉེན་རྟོག་པས་རྒྱུ་མཚན་གང་ཡིན་ཁ་གསལ་མེད་པར་གྲྭ་བློ་བཟང་སངས་རྒྱས་ལགས་གློ་བུར་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཁོང་འཛིན་བཟུང་བྱས་ནས་ཉིན་གསུམ་འགོར་རྗེས། ཁོང་གི་ཤག་རོགས་དགེ་འདུན་པ་བློ་བཟང་དཀོན་མཆོག་ལགས་ཀྱང་འཛིན་བཟུང་བྱས་ཏེ། ཁོང་གཉིས་གར་ཡོད་ཅི་བྱུང་མེད་པར་གྱུར་ནས་དུས་ཡུན་གང་འཚམ་ཕྱིན་རྗེས་ཀློད་གྲོལ་བཏང་ཡོད་འདུག ཕྱི་ལོ་ ༢༠༡༧ ལོར་བསྐྱར་དུ་འཛིན་བཟུང་བྱས་ཏེ་འདས་པའི་ཟླ་ ༧ ལྷག་རིང་ཁྲིམས་འགལ་ཐོག་གསང་བའི་བཀག་ཉར་བྱས་ཏེ་གང་དུ་ཡོད་མེད་ཙམ་ཡང་ཤེས་རྟོགས་ཐུབ་མེད་པ་རེད།

དགེ་འདུན་པ་བློ་བཟང་སངས་རྒྱས་ལགས་ད་ལྟ་རང་ལོ་ ༣༦ ཡིན་ཞིང་། ཕ་ཡུལ་མགོ་ལོག་གཅིག་སྒྲིལ་རྫོང་ནས་ཡིན་ལ། ཁོང་གི་ཕ་མིང་ལ་རིག་ལྡན་དང་། མ་མིང་ལ་གཡུ་ཁོ་ཞུ་ཡི་ཡོད་འདུག