18
Mon, Mar
36 New Articles

བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་སོག་མཁར་བློ་གྲོས་སམ་བློ་གྲོས་རྒྱ་མཚོ་ལགས་ཀྱི་པར།

བོད་ཀྱི་གསར་འགྱུར།
Typography

༢༠༡༨འ༠༢།༠༡ཉིན་སྤེལ།
འདི་ག་གསར་ཁང་དུ་སྦྱིན་པ་ལགས་ཀྱི་འདྲ་པར་དང་བཅས་གནས་ཚུལ་འཁོད་སྤྲོད་གནང་བ་ལྟར་ན། བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་སོག་མཁར་བློ་གྲོས་སམ་བློ་གྲོས་རྒྱ་མཚོ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་འབྱོར་སོང་།

འབྲེལ་ཡོད་ཀྱི་གནས་ཚུལ་བརྗོད་པར།      སོག་མཁར་བློ་གྲོས་ནི་ཆབ་སྲིད་ཀྱི་གནད་དོན་འོག་སྔ་རྗེས་མང་པོ་བཙོན་འཇུག་དང་བཀག་ཉར་འོག་མནར་གཅོད་མྱང་མྱོང་བ་ཞིག་ཡིན་པ་དང་།   དེ་ཡང་སྤྱི་ལོ༡༩༩༥ལོར་ལྷ་སར་གྲ་བཞིའི་བཙོན་ཁང་དུ་རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཟེར་བའི་ཡིག་ཆ་བཀྲམ་པ་དང་འབོད་ཚིག་སྒྲོགས་པའི་ཉེས་ཆད་དུ་ཉིན་གསུམ་ནས་སྲོག་ཁྲིམས་གཅོད་རྒྱུ་ཐག་གཅོད་བྱས་ཀྱང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དམིགས་གསལ་ལྟ་རྟོགས་ཚོགས་པའི་འགན་འཛིན་དང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་བཅས་ཀྱིས་གནོན་ཤུགས་ལས་སྲོག་ཁྲིམས་ལོ་དྲུག་ལ་ནར་འགྱང་བྱས་ཏེ་ཆབ་སྲིད་ཐོབ་ཐང་ལོ་གསུམ་འཕྲོག་པ་དང་།   ཀློད་དཀྲོལ་ཐོབ་རྗེས་སུ་བཟང་བཙོན་ཞེས་པའི་མིང་བྱང་འོག་ལོ་བཞི་ལ་འདུག་དགོས་པ་བྱུང་ཡོད་པ་དང་།  ཉིས་སྟོང་བཅོ་ལྔ་ལ་སྲིད་གཞུང་ནས་ཤར་ཕྱོགས་རྫོང་ཁག་ཤིག་ལ་སྟག་གཟིག་སྤགས་པ་གྱོན་བཅུག་པ་དང་དམངས་ཀྱི་འདོད་མོས་ཡོད་མེད་ལ་མ་ལྟོས་པར་བཙན་དབང་འབའ་ཞིག་གིས་གཞས་སྣ་འཁྲབ་སྟོན་དང་ལྟད་མོ་ལྟ་རུ་ཡོང་བཅུག་པ་དང་ཉིས་སྟོང་བཅུ་དྲུག་ལོར་རང་ཡུལ་ནས་བོད་ཀྱི་ས་ཁུལ་འགའ་ཞིག་ལ་སློབ་གཉེར་ལ་བྱོན་པའི་གྲྭ་བཙུན་རྣམས་སྲིད་གཞུང་ནས་ཕྱིར་རང་ཁྱིམ་དུ་ཡོང་དགོས་པ་དང་།  གལ་ཏེ་མ་ཡོང་ཚེ་ཁྱིམ་ན་དབྱར་རྩ་དགུན་འབུ་བརྐོ་མི་བཅུག་པ་དང་།  ནང་མི་བཙོན་བཅུག་བྱ་རྒྱུ་ཡིན་པ་སོགས་ཀྱིས་འཇིགས་སྐུལ་གྱི་འབོད་འགུག་སྐབས་བློ་གྲོས་ལགས་ཀྱིས་སློབ་གཉེར་བ་དེ་ཚོ་དེ་ལྟར་འབོད་འགུག་བྱས་པ་ནི་ཁྲེལ་མེེད་ལུང་མེད་ཤིག་ཡིན་པ་ལས་ཁོང་ཚོས་ཁྲིམས་དང་འགལ་བའི་ཉེས་པ་གང་ཡང་གསགས་མེད་ཅེས་ཡར་ཞུ་བྱས་པར་རྟེན་སྲིད་གཞུང་ནས་ཉིས་སྟོང་བཅོ་ལྔ་དང་བཅུ་དྲུག་ལ་བཀག་ཉར་ཐེངས་འགའ་བྱས་ཡོད་འདུག 

སྔ་རྗེས་གང་མང་བཙོན་འཇུག་བྱས་མྱོང་བའི་རྒྱལ་གཅེས་དཔའ་བོ་ཁོང་ནི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་རྒྱུན་དུ་གསུང་པ་ནི་གལ་ཏེ་ང་རང་མི་གཞན་དང་འདྲ་བར་ཆབས་སྲིད་ཀྱི་ཉེས་པ་འདི་ལས་ཐར་ཚེ་ངས་བོད་ཀྱི་ཉི་མ་ལྷ་སར་ཞི་བདེའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན།  རྒྱུ་མཚན་ནི་གོང་ས༧་རྒྱལ་བ་ཡིད་བཞིན་ནོར་བུ་ཞི་བདེའི་དབུ་ཁྲིད་ཡིན་པས་བོད་ལ་མྱུར་དུ་ཕེབས་པ་དང་།   རྒྱ་ནག་གི་གཙོས་འཛམ་གླིང་གི་སྐམ་མཚོ་མཁའ་གསུམ་གྱི་དམག་དཔུང་རྣམས་མེད་པ་བྱ་རྒྱ་དང་བོད་འདི་འཛམ་གླིང་གི་ཞི་བདེའི་ལྟེ་གནས་ཤིག་ཡོང་བ་སོགས་འཛམ་གླིང་གི་ཞི་བདེ་ལ་ཕན་པའི་ཆེད་དུ་སྐད་འབོད་བྱ་རྒྱུ་ཡིན་ཅེས་ཤོད་བཞིན་ཡོད།  ཉེ་ཆར༢༠༡༨ཟླ༠༡ཚེས༢༨ཉིན་ཁོང་གར་སོང་ཆ་མེད་དུ་གྱུར་བ་ནི་ཁོང་གི་སྐད་འབོད་ཤུགས་ཆེ་ཞིག་བྱས་པའི་རྐྱེན་ལས་འཛིན་བཟུང་བྱས་ཡོད་པའི་དོགས་པ་ཆེ་བར་ཡོད་འདུག  ཁོང་གིས་སྐད་འབོད་གང་ཞིག་བྱས་ཡོད་པ་དང་དུས་ཡུན་ཇི་ཙམ་སྐད་འབོད་བྱེད་ཐུབ་པ་སོགས་ནི་ད་ལྟའི་ཆར་ཤེས་རྟོགས་ཐུབ་མེད་པ་རེད་འདུག ཅེས་གནས་ཚུལ་མཁོ་སྤྲོད་གནང་བ་བཅས།།

གསལ་བསྒྲགས་ཀྱི་ས་མིག