19
Fri, Apr

བརྩེ་དུང་།

བརྩེ་དུང༌།
ཡིག་གཟུགས་སྒྲིག་ཆས།

ཁྱོད་ཀྱིས་བརྗོད་ན་བརྩེ་དུང་ནི་བདེ་སྐྱིད་ཀྱི་ངོ་བོ་ཡིན་ཟེར། ཁོང་གིས་བཤད་ན་བརྩེ་དུང་ནི་སྡུག་བསྔལ་གྱི་རྨང་གཞི་རེད་ཟེར། བདག་གིས་བསམ་ན་བརྩེ་དུང་ནི་མངོན་ལྐོག་མེད་པའི་ཡིད་ཆེས་བྱེད་སྟངས་ཤིག་གོ།།

གཞན་དེས་བརྗོད་ན་བརྩེ་དུང་ནི་ཆེས་དྭངས་གཙང་གི་མེ་ཏོག་ཆ་གཅིག་ཡིན་ཟེར། ཁོང་གིས་བཤད་ན་བརྩེ་དུང་ནི་སྒོར་མོས་ཉོ་ཆོག་པའི་ཁྲོམ་རྭའི་འཚོང་རྫས་ཤིག་རེད་ཟེར། བདག་གིས་བསམ་ན་བརྩེ་དུང་ནི་མཆོག་དམན་ཀུན་ལ་དབང་བའི་འགྲོ་བའི་སྤྱི་ནོར་ཞིག་གོ།། ཁོང་གིས་བཤད་ན་བརྩེ་དུང་ནི་མདུན་ལམ་གྱི་འགག་རྡོ་རེད་ཟེར། ཁྱོད་ཀྱིས་བརྗོད་ན་བརྩེ་དུང་ནི་མདུན་ལམ་གྱི་རྨང་གཞི་ངོ་མ་དེ་ཡིན་ཟེར། བདག་གིས་བསམ་ན་བརྩེ་དུང་ནི་མདུན་ལམ་ལ་བཟི་འོད་བསྐྲུན་པའི་འོད་ཟེར་སྟོང་ལྡན་ཞིག་གོ།།
ཁོང་གིས་བཤད་ན་བརྩེ་དུང་ནི་རང་དབང་གི་དགྲ་བོ་ཡིན་ཟེར། གཞན་དེས་བརྗོད་ན་བརྩེ་དུང་ནི་ཐོབ་ཤོར་གྱི་གཡུལ་ས་རེད་ཟེར། བདག་གིས་བསམ་ན་བརྩེ་དུང་ནི་མིག་ཆུའི་བཞུར་རྒྱུན་རིང་མོ་ཞིག་གོ།།
ཁོང་གིས་བཤད་ན་བརྩེ་དུང་ནི་འགྲེལ་མི་ཤེས་པའི་ཐ་སྙད་ལྕི་མོ་ཞིག་ཡིན་ཟེར། གཞན་དེས་བརྗོད་ན་བརྩེ་དུང་ནི་དབང་མི་ཐུབ་པའི་ལས་དབང་ངར་མོ་ཞིག་རེད་ཟེར། བདག་གིས་བསམ་ན་བརྩེ་དུང་ནི་བརྗོད་དཀའ་བའི་གསང་བའི་མདུད་པ་དམ་པོ་ཞིག་གོ།།
ཁྱོད་ཀྱིས་བཤད་ན་བརྩེ་དུང་ནི་ཟད་དུ་མེད་པའི་ཡིད་ཀྱི་ལོངས་སྤྱོད་ཅིག་ཡིན་ཟེར། ཁོང་གིས་བརྗོད་ན་བརྩེ་དུང་ནི་གསབ་ཏུ་མེད་པའི་སེམས་ཀྱི་ན་ཟུག་ལྕི་མོ་ཞིག་རེད་ཟེར། བདག་གིས་བསམ་ན་བརྩེ་དུང་ནི་སྙིང་དམར་པོ་དུམ་བུར་གཤོག་པའི་རལ་གྲི་རྣོན་པོ་ཞིག་གོ།།