14
Fri, Dec
21 New Articles

སྙན་ངག་པ་སྐྱབས་ཆེན་བདེ་གྲོལ།

དེང་གི་གནས་བབས་འདིའི་འོག་དུ་ཕྱུགས་ཟོག་འཚོ་བ་དང་དབྱར་རྩྭ་རྐོ་བ་སོགས་མ་བཅོས་རང་བྱུང་གི་འཚོ་ཐབས་འདི་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་བའི་ལྕགས་རི་ལྟ་བུ་རེད།

མྱུར་བར་འདི་ལ་ཁ་བྲལ་ཏེ་ལག་རྩལ་དང་ཁེ་ལས་ཀྱི་ལམ་དུ་མཆོང་སྐྱོད་བྱེད་པ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་མཚོན་ན་ཉེན་ཁ་ཧ་ཅང་ཆེ་བ་ཞིག་རེད། དེ་རྒྱ་ནང་ལ་དཔེ་བལྟས་པས་གསལ་པོ་ཤེས་ཏེ། ས་ཞིང་དང་མཁར་ཁང་གི་བདག་དབང་ཤོར་པའི་ཞིང་པ་རྣམས་གྲོང་ཁྱེར་གྱི་གླ་པ་དང་ཚོང་བར་གྱུར་པས་སྡེ་བའི་ཆིག་སྒྲིལ་དང་། བཟའ་ཚང་གི་འཆམ་མཐུན། བྱིས་པའི་སློབ་གསོ་སོགས་ཅི་ཡིན་འདི་ཡིན་མེད་པར་གྱུར་ཏེ་ཞིང་སྡེའི་རིག་གནས་རྩ་བརླག་ཏུ་སོང་ཡོད།

དེ་བས་བོད་ཀྱི་ཞིང་འབྲོག་གི་འཚོ་བ་རོལ་སྟངས་ལ་འོས་འཚམ་གྱི་སྒྱུར་བཅོས་བྱ་འོས་ཀྱང་ཉི་མ་ཁ་ཤས་ནང་ལག་རྩལ་དང་རིག་གནས་སོགས་ཐ་སྙད་སྙན་པོ་འགས་བསླུས་ཏེ་སྔོན་གྱི་འཚོ་ཐབས་དོར་ན་བོད་མི་རྣམས་རྐང་འོག་གི་ས་ཤོར་ཏེ་གྲོང་ཁྱེར་གྱི་བྲན་གཡོག་དང་རང་ཡུལ་གྱི་མགྲོན་པོར་འགྱུར་ངེས་པ་ཡིན། དེ་བས་བླ་གྲྭ་རྣམས་ཀྱིས་ཡུལ་མི་ཚོར་སློབ་གསོ་གཏོང་སྐབས་རྟག་པར་ཁྱེད་ཚོ་རྗེས་ལུས་རེད། དབྱར་རྩྭ་མ་རྐོ་ཁོར་ཡུག་ལ་གནོད་འགྲོ། ཕྱུགས་ཟོག་མ་སྐྱོངས་སྡིག་པའི་ལས་རེད་ཟེར་ན་ཧ་ཅང་ནོར་བ་སྟེ། ཁྱེད་ཚོས་སྔོན་ཐོན་དུ་རྩི་བའི་ལག་རྩལ་དང་ཤེས་ཡོན་དུ་འབོད་པ་དེས་ཀྱང་སྡིག་པ་ཚབས་ཆེན་བསགས་ཤིང་ཁོར་ཡུག་ལ་གནོད་པ་ཚབས་ཆེན་བཏང་ཡོད་པ་རེད།

ཡང་གཅིག་བཤད་ན་གལ་སྲིད་དབང་འཛིན་པ་དང་ཁྱེད་ཚོའི་མིག་ལམ་ན་རྗེས་སུ་ལུས་པའི་མི་འདི་དག་མེད་ན་ཁྱེད་ཚོའི་བཞུགས་ཁྲི་མཐོན་པོ་དེའང་མེད་ཤག་རེད། དེ་བས་རྗེས་ལུས་ཟེར་བ་ནི་ལྟོས་བཅས་ཀྱི་ཐ་སྙད་ཅིག་ཡིན་པ་དང་། དོན་ངོ་མ་སུ་རྗེས་ལུས་ཡིན་པ་ད་དུང་དཔྱད་པ་གལ་ཆེའོ།།

རྩོམ་པ་པོ། སྐྱབས་ཆེན་བདེ་གྲོལ།

Articles about the Topic སྙན་ངག་པ་ཞིག་གིས་རང་མི་རིགས་ཀྱི་འཚོ་ཐབས་ལ་བཅངས་བའི་སེམས་ཁྲལ།

གསལ་བསྒྲགས་ཀྱི་ས་མིག