18
Thu, Apr

ན་གཞོན་གཟེངས་རྟགས་ཐོབ་མཁན་འཆི་མེད་ལྷ་མོ་ལགས།

བཅར་འདྲི།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༨་ཚེས་༡༦་ཉིན་སྤེལ། རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་༢༠༡༩་ལོའི་ན་གཞོན་གཟེངས་རྟགས་དེ་འཆི་མེད་ལྷ་མོ་ལགས་ལ་ཐོབ་ཡོད་པ་དང་། འདི་གའི་གསར་ཁང་ནས་འཆི་མེད་ལྷ་མོ་ལགས་ལ་གཟེངས་རྟགས་ཐོབ་པའི་མྱོང་ཚོར་དང་། མ་འོངས་པའི་ལས་དོན། དམིགས་ཡུལ་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཡོད།

དྲི་བ་དང་པོ། འཆི་མེད་ལྷ་མོ་ལགས་བཀྲ་ཤིས་བདེ་ལེགས། སྐུ་ཉིད་ལ་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་གཟེངས་རྟགས་ཐོབ་པར་དམིགས་བསལ་ཚོར་སྣང་ཇི་ལྟར་བྱུང་མིན་དང་། མ་འོངས་བོད་ཀྱི་རྩ་དོན་དང་སྤྱི་ཚོགས་ལ་ཞབས་ཞུ་རྒྱུའི་སེམས་ཤུགས་འཕར་མ་འདྲ་གང་སྐྱེས་སོང་ངམ།

ལན། དང་པོ་དེར། བོད་རིགས་སྤུན་ཟླ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་ནས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་ཁང་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ། ང་རང་ལ་ཧ་ཅང་དགའ་བའི་དམིགས་བསལ་གྱི་སེམས་ཚོར་ཤུགས་ཆེན་པོ་སྐྱེས་བྱུང་། དེ་མ་ཟད་། ན་གཞོན་གཟེངས་རྟགས་འདི་རེག་ཡོང་དུས། སྤྱི་ཚོགས་ནང་ལས་ཀ་བྱས་པ་དེ་མི་གཞན་གྱིས་ངོས་འཛིན་བྱེད་སྟངས་འདི་ཧ་ཅང་ཡག་པོ་འདུག་བསམས་ནས་སེམས་ཤུགས་འཕར་གིན་འདུག ང་ལ་སེམས་ཚོར་ཆེ་ཤོས་དེ་གང་བྱུང་ལབ་ན། ང་བོད་པ་ཞིག་ཡིན་པའི་ལས་འགན་ཆེན་པོ་འདུག་བསམ་པ་དང་། དེའི་ཐོག་ན་གཞོན་གཟེངས་རྟགས་རེག་ཡོང་དུས་ང་ལ་འགན་ལྷག་མ་ཞིག་བབས་བྱུང་བསམ་པ་བྱུང་། འགན་དེ་གང་རེད་ལབ་ན། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་སྒྲུབ་རྒྱུ་་དང་གཅིག སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ཡོད་པའི་ལས་ཀ་བྱེད་བསམ་པ་དང་གཉིས། གསུམ་པ་དེར་བོད་ཀྱི་རྩ་དོན་ཐོག་ལས་ཀ་བྱེད་དགོས་པའི་བསམ་བློ་ཤུགས་ཆེན་བྱུང་། ༧སྐྱབས་མགོན་རིན་པོ་མཆོག་གིས་ནམ་རྒྱུན་གསུང་པ་བཞིན། རང་གཅེས་ཀྱི་འཛིན་བློ་ལས་གཞན་གཅེས་འཛིན་ཀྱི་བློ་ཡོད་ན། བདེ་སྐྱིད་ཐོབ་ཀྱི་རེད་གསུངས་པ་དེ་དངོས་གནས་རེད་འདུག་བསམ་བྱུང་། ཡིན་ནའང་། ངས་ད་ལྟའི་བར་དུ་སྤྱི་ཚོགས་ནང་ལས་ཀ་མང་པོ་བྱས་མེད་ནའང་། གང་བྱས་པ་དེ་མིས་ངོས་འཛིན་ཡག་པོ་གནངས་སོང་བསམས་ནས་སེམས་ཤུགས་ཧ་ལས་པ་སྐྱེས་བྱུང་།

དྲི་བ་གཉིས་པ། ང་ཚོ་བོད་ཀྱི་གཞོན་སྐྱེས་རྣམ་པས་བོད་ཀྱི་རྩ་དོན་སྒྲུབ་པ་དང་སྤྱི་ཚོགས་ལ་ཕན་པའི་ཕྱག་ལས་གནང་པ་ལ་ག་རེ་ཐོག་ཤུགས་རྒྱགས་དགོས་པ་མཐོང་གི་འདུག

ལན། དྲི་བ་གཉིས་པ་དེར་ང་རང་གི་བསམ་ཚུལ་ཐོག་ནས་ཞུས་པ་ཡིན་ན། སོ་སོའི་ནང་ཁུལ་ལ་འཛིང་སྡོད་པ་ཡིན་ན། ང་ཚོའི་དམིགས་ཡུལ་གཙོ་བོ་བོད་དོན་ཐོག་ལ་ལས་ཀ་བྱེད་པ་དེར་འཐུས་ཤོར་འགྲོ་རྒྱུ་རེད། ཆོལ་ཁ་ཆོས་ལུགས་བར་ལ་ཡིན་ནའང་། བོད་སྐད་གཙང་མ་མ་ཤེས་པའི་བོད་ཕྲུག་ཡིན་ནའང་རེད། བོད་སྐད་གཙང་མ་མ་ཤེས་ན་བོད་དོན་ཐོག་ལ་ལས་ཀ་བྱེད་ན་འགྲིག་གི་མ་རེད་ཟེར་བ་སོགས་མི་ཁ་ཤས་ཀྱིས་དེ་ལྟར་གསུངས་ན་སེམས་ཤུགས་འཕར་རྒྱུ་ཚབ་ལ་སེམས་ཤུགས་བཅག་འགྲོ་གིན་རེད་བསམ་བཞིན་འདུག གཞོན་སྐྱེས་མི་རབས་འདི་ལ་མཚོན་ན་དམིགས་བསལ་ནང་འཛིང་བྱེད་ཀྱི་མི་འདུག གཙོ་བོ་རྒན་པ་ནང་ལ་ནང་འཛིང་ཤུགས་ཆེན་འདུག་བསམ་པ་བྱུང་། ད་ང་ཚོ་བཙན་བྱོལ་ནང་གི་གཞོན་སྐྱེས་ཚོས་ཤུགས་རྒྱག་ས་གཙོ་བོ་དེ། མི་རིགས་གཞན་ཁག་ལ་འབྲེལ་བ་བྱེད་སྟངས་ནི་བྱམས་དང་སྙིང་རྗེ་ལྡན་པའི་ཡར་རབས་ཀྱི་སྤྱོད་པ་དེ་ཡིན་ན་རེད། ཁོ་ཚོས་ཁྱེད་རང་བོད་པ་རེད་འདུག་བསམ་པའི་མཐོང་སྟངས་ཡག་པོ་བཟོ་དགོས་རྒྱུ་དེ་གལ་ཆེན་པོ་རེད་བསམ། གང་ཡིན་ཞེ་ན། མ་འོངས་པར་ང་ཚོས་བོད་ཀྱི་རྩ་དོན་ཐོག་ལ་ལས་ཀ་བྱེད་དུས་ཕན་ཐོགས་ཧ་ཅང་ཡོད་རེད། ༧སྐྱབས་མགོན་རིན་པོ་ཆེ་དགུང་ལོ་ཆེན་པོ་སླེབས་དུས། མ་འོངས་པར་བོད་ཀྱི་གནས་སྟངས་ག་འདྲ་ཆགས་ཡོང་མིན་ཧ་གོ་ཡི་མི་འདུག ༧སྐྱབས་མགོན་རིན་པོ་མཆོག་གིས་ང་ཚོར་བོད་ཀྱི་རིག་གཞུང་དང་སྐད་ཡིག་བདག་པོ་རྒྱག་དགོས་རེད་ཅེས་གསུངས་པ་བཞིན། ང་ཚོས་དེའི་ཐོག་ལ་ཤུགས་རྒྱག་དགོས་རེད་བསམ་བཞིན་འདུག

དྲི་བ་གསུམ་པ། ཁྱེད་རང་ནང་ཆོས་ལ་དོ་སྣང་ཆེན་པོ་ཡོད་པ་གོ་བྱུང་བས་རབ་བྱུང་བའི་སྡེ་མིན་པའི་མི་སྐྱ་ཕོ་མོ་ཚོས་ནང་ཆོས་སྦྱོང་ན་ཕན་ཐོག་ག་ཚོད་ཀྱིས་ཡོང་གི་འདུག་ལགས།

ལན། དུས་རབས་ཉེར་གཅིག་ནང་ནང་པའི་ཆོས་དེ་གཞན་པ་དང་མ་འདྲ་བ་ཞིག་རེད་འདུག་བསམ། གང་ཡིན་ཞེ་ན། ནང་ཆོས་དེ་ཚན་རིག་པ་དང་མཉམ་དུ་འགྲོ་ཐུབ་པ་མ་ཚད་ཚན་རིག་ལས་ཀྱང་ལྷག་པ་ཞིག་རེད་བསམ་བཞིན་འདུག དཔེར་ན། ང་མི་དཀྱུས་མ་ཞིག་ལའང་། དེའི་སྔོན་རྒྱ་མིའི་སློབ་གྲོགས་སྟོང་ཕྲག་མང་པོས་ང་གོསོད་ཀྱི་ཡིན་ཟེར་བ་དང་། ངའི་ནང་མི་གསོད་ཀྱི་ཡིན་ཞེས་དེ་འདྲ་ལབ་དུས། སྤྱི་བཏང་གིས་ཧ་ཅང་ཚབས་ཆེན་པོ་རེད། ང་ལ་ཉེན་རྟོག་པས་ཀྱང་ཕྱི་ལ་འགྲོ་དུས་གཟབ་གཟབ་བྱོས། ཆབ་གསང་འགྲོ་དུས་ཀྱང་རོགས་པ་མཉམ་དུ་རྒྱུགས་ལབ་ཡོང་དུས་ཞེད་སྣང་ཞེ་དྲག་སྐྱེས་དགོས་པ་འདྲ་པོ་རེད། ཡིན་ནའང་། ངས་ནམ་རྒྱུན་དུ་༧སྐྱབས་མགོན་རིན་པོ་ཆེའི་ནང་ཆོས་དང་འབྲེལ་བའི་བཀའ་སློབ་མང་པོ་ཉན་མྱོང་བས་ཞེད་སྣང་གཅིག་ཀྱང་སླེབས་མ་སོང་། དངོས་གནས་དྲང་གནས་ཡིན། ལས་དང་སྲིད་པའི་འཁོར་ལོ་སོགས་ལ་བསམ་བློ་གཏོང་ཡོང་དུས་ཕན་ཐོགས་ཡོང་གི་འདུག ཞེད་སྣང་བྱས་ནས་མ་བསྡད་པར། དུས་ཚོད་དམིགས་བསལ་བཏོན་ནས་རྒྱ་མི་སློབ་གྲོགས་ཚོ་དང་མཉམ་དུ་བགྲོ་གླེང་ག་འདྲ་ཞིག་བྱེད་དགོས་པའི་བསམ་བློ་ལྷག་མ་འཁོར་ཡོང་གི་འདུག འདི་ནི་ང་ལ་ནང་ཆོས་ཀྱིས་ཕན་ཐོགས་པའི་དཔེ་གཅིག་ཡིན། དེ་ཡིན་ཙང་། ནང་ཆོས་ལ་མི་ཚང་མས་དོ་སྣང་བྱས་ན་དཀའ་ངལ་ག་འདྲ་བྱུང་ནའང་ཕན་ཐོགས་ཆེན་པོ་ཡོད་པས་དད་པ་གཅིག་པོ་མ་ཡིན་པར། ང་ཚོ་བོད་པ་ཚང་མས་རིགས་ལམ་ཐོག་ཤུགས་བརྒྱབ་ནས་སྦྱོང་ན་ཡག་པོ་ཡོད་རེད་བསམ་བྱུང་།

དྲི་བ་བཞི་པ། ང་ཚོ་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་འདི་བརྒྱུད་ནས་དམིགས་བསལ་གང་ཞུས་ཡ་ཡོད་ལགས།

ལན། དྲི་བ་མཐའ་མ་དེར་ང་ཚོ་བོད་པའི་གཞོན་སྐྱེས་རྣམས་ལ་བརྡ་ལན་ག་རེ་ཡོད་ལབ་ན། ཀུན་མཁྱེན། སེམས་ཤུགས་ནམ་ཡང་མ་ཆགས་རོགས་ཞུ་རྒྱུ་ཡིན། མི་ཚེ་ནང་ལ་ག་རེ་ཡིན་ན་འབྱུང་སྲིད་པ་རེད། ག་རེ་བྱུང་ནའང་སེམས་ཤུགས་ཆགས་རྒྱུ་མི་འདུག སེམས་ཤུགས་ཆགས་པ་ཡིན་ན་ལས་ཀ་ག་རེ་ཡིན་ན་འགྲུབ་རྒྱུ་མ་རེད། སྤྱི་ལོ་ ༡༩༥༩ ལོ་ནས་སྐྱེས་པའི་ང་ཚོ་གཞོན་སྐྱེསཡོད་ཚད་འཐབ་རྩོད་པ་རེད་བསམ་བཞིན་འདུག མི་རེ་ལ་བོད་དོན་ཐོག་ཕན་ཐོགས་བྱེད་པའི་ནུས་པ་རེ་ཡོད་པས། དང་པོ་དེར། ང་ཚོའི་རིག་གཞུང་སྐྱོབ་ཐུབ་རྒྱུ་དང་། གཉིས་པ་དེར། བོད་ཀྱི་རྩ་དོན་ལ་ཕན་ཐོག་དགོས་པ་སེམས་ལ་བཞག་ནས། སྤྱི་ཚོགས་ནང་ཞབས་ཞུ་གང་ཐུབ་ཞུ་དགོས། དཔེར་ན། མེ་འཁོར་ལྕགས་ལམ་བཞིན་ཕར་ཚུར་གཉིས་ཀར་ཕན་ཐོག་ཡོད་པ་བཞིན་དུ། སྤྱི་ཚོགས་ལ་ཞབས་གང་ཐུབ་ཞུས་ན། རང་གཞན་གཉིས་ཀ་ལ་ཕན་ཐོགས་ཡོད་པར་བསམ་བློ་བཏང་ནས། ང་ཚོ་བོད་ཀྱི་གཞོན་སྐྱེས་ཚོས་རང་ཉིད་ཀྱི་མི་ཚེ་ནང་ག་རེ་བྱུང་ནའང་སེམས་ཤུགས་མ་ཆགས་པར་བོད་དོན་ཐོག་ལས་ཀ་གནང་རོགས་ཞུ་རྒྱུ་ཡིན། ཚང་མར་ཐུགས་རྗེ་ཆེ།