26
Wed, Jun
23 New Articles

༢༠༡༨ལོའི་ཨེ་ཤེ་ཡའི་མཛངས་མའི་འགྲན་སྡུར་ཁྲོད་ཞུགས་པའི་བོད་ཀྱི་མཛངས་མ་བསྟན་འཛིན་མཁས་ཆོས་ལགས།

བཅར་འདྲི།
Typography

༢༠༡༨་ལོའི་ཨེ་ཤ་ཡ་མཛངས་མའི་འགྲན་བསྡུར་ནང་ཞུགས་པའི་མཛངས་མ་བསྟན་འཛིན་མཁས་ཆོས་ལ་བཅར་འདྲི་ཞུས་པར། ང་ཚོ་བོད་ཀྱི་གཞོན་སྐྱེས་ཚོ་ག་དུས་ཡིན་ནའང་གཉའ་ཆག་ནས་མ་སྡོད་རོགས་གྱིས། ངེས་པར་དུ་གོམ་པ་མདུན་ལ་སྤོ་ནས་རྒྱལ་ཁབ་གཞན་གྱི་གཞོན་སྐྱེས་ཚོ་དང་དཔུང་པ་མཉམ་གཤིབ་བྱེད་ཐུབ་པའི་ཡིད་ཆེས་དགོས་ཀྱི་འདུག

ཡིད་ཆེས་དེ་ལའང་ང་ལ་བོད་མི་ས་ཡ་དྲུག་རྒྱབ་ལ་རོགས་པ་ཡོད་ཨ་བསམ་པའི་ཡིད་ཆེས་དང་གདེང་འཇོག་བྱེད་ནས་སློབ་སྦྱོང་གཙོ་བོ་བྱེད་ནས་སྡིངས་ཆ་དང་གོ་སྐབས་ལེན་ནས་མི་གཅིག་ཡར་རྒྱས་འགྲོ་ན་བོད་པ་ཡར་རྒྱས་འགྲོ་གིན་ཡོད་པ་དེ་ཤེས་དགོས་ཀྱི་འདུག་ཅེས་ཞུས་སོང་།

དེ་ཡང་༢༠༡༨ལོའི་ཟླ་༡༡་ཚེས་༡༨ཉིན། འདི་གར་གསར་ཁང་ནས་བོད་ཀྱི་མཛངས་མ་བསྟན་འཛིན་མཁས་ཆོས་ལགས་ལ་ཐེངས་འདིའི་ཨེ་ཤེ་ཡའི་མཛངས་མའི་འགྲན་བསྡུར་ཞུགས་སྐབས་ཀྱི་མྱོང་ཚོར་དང་ཉམས་མྱོང་སོགས་ཀྱི་ཐོག་ལ་བཅའ་འདྲི་ཞུས་པར་གཤམ་གསལ།

དྲི་བ་དང་པོ། དང་ཐོག་སྐུ་ཉིད་ལ་མཚམས་འདྲི་ཞུ་བ་དང་སྦྲགས་ཁྱེད་རང་ངོ་སྤྲོད་ཅིག་གནང་རོགས་ཞུ།

ལན། ཐོག་མ་དེར་བོད་ནང་ལ་ཡོད་པའི་བོད་མི་དང་རྒྱ་གར་ནང་ལ་ཡོད་པའི་བོད་མི་ད་དུང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་པའི་བོད་རིགས་སྤུན་ཟླ་རྣམས་ལ་ང་རང་བསྟན་འཛིན་མཁས་ཆོས་ངོས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ང་རང་ཨེ་ཤེ་ཡའི་མཛངས་མའི་མགྲན་བསྡུར་ནང་ཞུགས་པའི་བོད་ཀྱི་བུ་མོ་བསྟན་འཛིན་མཁས་ཆོས་ཡིན། ད་ལྟ་རང་ལོ་༢༤ ཡིན། ཆུང་དུས་ནས་སློབ་གྲྭ་འགྲིམ་ཞིང་དེ་ཡང་སྦེལ་ཀོབ་ལ་འཛིན་གྲྭ་བཅུ་པ་མཐར་ཕྱིན། དེ་ནས་འཛིན་གྲྭ་༡༡་དང་༡༢་བྷེ་ཀོབ་བོད་ཕྲུག་ཁྱིམ་སྡེ་ནས་ཚན་རིག་སློབ་ཚན་ལེན་པའི་སློབ་ཕྲུག་ཟུར་པ་ཞིག་ཡིན། དེའི་རྗེས་བྷེ་ལོར་མཐོ་སློབ་ཏུ་སྨན་ཞབས་པའི་སློབ་སྦྱོང་ལོ་བཞི་མཐར་ཕྱིན་མ་ཐག་པ་ཡིན། ང་ཚོ་བཙན་བྱོལ་ནང་ཆ་བཞག་ན་༧གོང་ས་མཆོག་གི་བཀའ་དྲིན་དང་བཙན་བྱོལ་གཞུང་གི་བཀའ་དྲིན་ལས་ང་ཚོ་བཙན་བྱོལ་བོད་མི་རྣམས་ལ་གོ་སྐབས་དང་སྡིངས་ཆ་མང་པོ་རག་གི་ཡོད་པས་ང་རང་ཆུང་དུས་ནས་སློབ་སྦྱོང་གི་སྡིངས་ཆ་དང་མཛངས་པའི་མགྲན་བསྡུར་གྱི་སྡིངས་ཆ་ཆེ་ཆུང་གང་འདྲ་ཞིག་རག་ན་ཞུགས་འདོད་ཀྱི་འདོད་པ་ཆེན་པོ་ཡོད་མཁན་ཞིག་ཡིན། དེ་འདྲ་ཡིན་དུས་ང་རང་སྨན་ཞབས་པ་ཞིག་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ཆུང་དུས་ནས་རྒས་འཁོགས་ཚོ་མཉམ་དུ་བཤིབས་པ་དང་སྐད་ཆ་བཤད་ཡ་དགའ་པོ་ཡོད། མ་ཟད་༸གོང་ས་མཆོག་གིས་རྟག་ཏུ་གསུང་པ་བཞིན་ང་ཚོ་ཆོས་བྱེད་དགོས་རེད། ཆོས་བྱེད་པ་དེ་དཔེ་ཆ་ཀློག་ནས་སྡོད་རྒྱུ་ཙམ་མ་རེད་མི་ལ་སེམས་པ་བཟང་པོ་བྱེད་རྒྱུ་དེ་གལ་ཆེ་ཤོས་རེད་གསུངས་པ་བཞིན། ང་རང་སྨན་ཞབས་པ་བྱེད་པའི་སྐབས་ལ་ཉིན་ལྟར་ནད་པ་ཉམ་ཐག་ལ་རོགས་པ་བྱེད་པ་དེ་ང་རང་དགེ་བ་བསགས་གི་ཡོད་རེད་དྲན་གྱི་འདུག

དྲི་བ་གཉིས་པ། ཁྱེད་རང་མཛེས་མའི་མགྲན་བསྡུར་ནང་ཞུགས་སྐབས་ཁྱེད་ལ་དམིགས་བསལ་དཀའ་ངལ་དང་ཚོར་སྣང་ག་འདྲ་བྱུང་སོང་།

ལན། ང་རང་མཛེས་མའི་མགྲན་བསྡུར་ནང་ཞུགས་སྐབས་དཀའ་ངལ་ཡང་ཕྲད་སོང་ཉམས་མྱོང་ཡང་མང་པོ་བསགས་ཐུབ་སོང་། ཚོར་བ་དམིགས་བསལ་བའང་མང་པོ་བྱུང་། དཔེར་ན། མཛངས་པའི་མགྲན་བསྡུར་ལ་ང་རང་ཉིན་བཅུ་ཡས་མས་སྡོད་པའི་སྐབས་དེར་རྒྱལ་ཁབ་ཉི་ཤུ་རྩ་ལྔ་བུ་མོ་མཉམ་དུ་བཤིབས་པའི་སྐབས་སུ་ཁོང་ཚོའི་ཆོས་དང་རིག་གཞུང་ད་དུང་ཁོང་ཚོའི་བསམ་བློ་ཁུར་སྟངས་སོགས་མང་པོ་ཞིག་ཤེས་སོང་། ང་ཚོ་འགྲན་བསྡུར་དེའི་རྒྱུ་བདག་གཙོ་བོ་རྒྱ་མིའི་རེད་འདུག བརྒྱ་ཆ་སྤྲོད་མཁན་ཡང་རྒྱ་མི་གཉིས་འདུག སྐབས་དེར་ཁོང་ཚོའི་འགོ་བྱེད་གཙོ་བོ་དེ་ང་ས་སླེབས་ནས་ཁྱེད་རང་ལ་རང་བཙན་མི་འདུག བོད་ཟེར་བའི་རྒྱལ་ཁབ་དེ་ང་ཚོའི་རྒྱལ་ཁབ་ཡོད་པའི་མིང་བྱང་ནང་ཡོང་གི་མི་འདུག་ཅེས་ངར་ངར་ཤུགས་ཤུགས་ཀྱིས་ལབ་སོང་། སྐབས་དེར་ངས་འདི་ལྟར་ཞུས་པ་ཡིན། རང་བཙན་ཡོད་ན་འདྲ་མེད་ན་འདྲ་ང་འདི་ན་སླེབས་པ་དེ་རང་བཙན་དགོས་ཟེར་ནས་རྩོད་པ་རྒྱག་མཁན་སླེབས་མེད། ང་རང་བོད་མོ་ཉམས་ཆུང་ཞིག་ཡིན་པ་མ་ཟད་འགྲན་བསྡུར་ནང་ཞུགས་པ་དེའང་དཀའ་ལས་རྒྱག་ནས་ཡོང་བ་ཡིན་ཞུས་དུས་མཐའ་མ་དང་ལེན་བྱས་སོང་། ང་ཚོ་རྒྱལ་ཁབ་ཉེར་ལྔ་ནས་ཕེབས་པའི་བུ་མོ་ཉེར་ལྔ་ཡོད་པ་དེ་དག་ལ་་བྱ་དགའ་སྣ་ཁ་མི་འདྲ་བ་བཅུ་བདུན་ཐོབ་ཡ་འདུག་ དངོས་གནས་བྱས་ན་ང་ལ་བྱ་དགའ་གསུམ་(༡ མི་དམངས་ཀྱིས་གདམས་པའི་བྱ་དགའ། ༢ དྲྭ་རྒྱའི་ལམ་ནས་རྒྱབ་སྐྱོར་གྱིས་ཐོབ་པའི་བྱ་དགའ། ༣ གཤིས་ཀ་བཟང་བའི་བྱ་དགའ།)ཐོབ་ཡོད་རེད། ཡིན་ནའང་ང་རང་ལ་སྡིགས་ཆ་སྟེང་བྱ་དགའ་གཉིས་ལས་སྤྲོད་མ་སོང་། སྤྱི་ཚོགས་དྲ་ལམ་ནས་ཐོབ་པའི་བྱ་དགའ་དེ་ང་ལ་སྤྲོད་མ་སོང་། མཛངས་མ་གཞན་ཞིགགི་མཛངས་མ་ལ་སྤྲོད་སོང་། སྐབས་དེར་ང་ལ་འབྲེལ་ཡོད་ངོ་ཤེས་མང་པོས་ཁ་པར་འབྱོར་ནས་སྤྱི་ཚོགས་དྲ་ལམ་ནས་རྒྱབ་སྐྱོར་ཐོབ་པའི་བྱ་དགའ་དེ་ཁྱེད་ལ་བརྒྱ་ཆ་མཐོ་ཤོས་རེད་འདུག་ཡིན་ནའང་ཁྱེད་ལ་མ་རག་པའི་རྒྱུ་མཚན་གང་རེད་རེད་ཅེས་མང་པོ་འདྲི་ཡོང་གིན་འདུག ང་རང་འགོ་ཁྲིད་དེ་སར་བཅར་ནས་ངག་འཇམ་པས་ཡིན་ལུགས་ཀྱི་སྐད་ཆ་མང་པོ་བཤད་པ་ཡིན། མཐའ་མ་དེར་ལ་ཁོང་ཚོས་ཡར་བྱེད་མར་མང་པོ་བྱས་མཐར་བྱ་དགའ་དེ་ང་རང་ཚུར་རག་ཐུབ་པ་བྱས་ཡིན། གང་ལྟར་ང་རང་དཀའ་ལས་དང་ཉམས་མྱོང་མང་པོའི་ཐོག་ནས་་བོད་ཟེར་བ་དེ་འཛམ་གླིང་མི མང་པོ་ལ་གསལ་པོ་ཤེས་བཅུག་ཐུབ་སོང་བསམ་སོང་།

དྲི་བ་གསུམ་པ། མཛེས་མའི་འགྲན་བསྡུར་ནང་ཞུགས་སྐབས་རྒྱལ་ཁབ་གཞན་པའི་མཛེས་མ་ཚོས་བོད་དོན་ལ་ལྟ་སྟངས་ག་འདྲ་འདུག

ལན། ང་མཛེས་མའི་འགྲན་བསྡུར་དེ་ལ་ཞུགས་སྐབས་མང་ཆེ་བའི་བོད་ཟེར་བ་དེ་ཤེས་ཀྱི་འདུག ཡིན་ནའང་བུ་མོ་ཁ་ཤས་ཀྱིས་ཤེས་ཀྱི་མི་འདུག བོད་པ་ཤེས་གིན་ཡོད་ཟེར་བའི་མཛངས་མ་མང་པོ་ལ་ངས་དྲི་བ་གཏོང་པ་ཡིན། ཁྱེད་ཚོས་བོད་པ་ཟེར་ན་ག་འདྲ་ཞིག་མཐོང་གི་འདུག་འདྲི་དུས། ཁོང་ཚོས་བོད་པ་ཟེར་བ་དེ་ཉིན་རྟག་པར་མི་ཉམས་ཆུང་ཞིག་ཡིན་པ་མཐོང་གི་འདུག་ཟེར། མ་ཟད་ང་བོད་པ་ཡིན་ཟེར་བ་ཙམ་གྱིས་ཁོང་ཚོས་ཏཱ་ལའི་བླ་མ་ཟེར་ནས་ཚུར་བཤད་ཀྱི་འདུག ཁྱེད་ཚོས་༧གོང་ས་མཆོག་གི་མི་རེད་ཟེར་དུས་དགའ་དགའ་སྤྲོ་སྤྲོ་བྱེད་ཀྱི་འདུག མ་ཟད་བོད་པའི་གཤིས་ཀ་འཇམ་པོ་དང་གཞན་ལ་ཕན་སེམས་ཡག་པོ་ཡོད་རེད་ཟེར་ནས་ཚུར་ཟེར་ཡོང་གིན་འདུག གང་ལྟར་འཛམ་གླིང་རྒྱལ་ཁབ་ཉེར་ལྔ་ནས་ཕེབས་པའི་མཛངས་མ་ཚང་མ་ལ་བོད་དོན་འགྲེལ་བཤད་རྒྱག་རྒྱུ་དང་། དྲྭ་ལམ་བརྒྱུད་ནས་བོད་ཀྱི་ས་ཆ་དང་ཁོར་ཡུག་སོགས་མང་པོ་ཞིག་ངོ་སྤྲོད་བྱེད་རྒྱུ་རག་པས་ང་རང་དཔེ་དགའ་པོ་བྱུང་།

དྲི་བ་བཞི་པ། ཁྱེད་རང་མཛེས་མའི་འགྲན་བསྡུར་ནང་ཞུགས་ནས་བོད་དོན་ཁྱབ་བསྒྲགས་ག་ཚོད་བྱེད་ཐུབ་སོང་།

ལན། ང་ཚོ་མཛངས་མ་ཚོ་མང་ཆེ་བ་མཉམ་དུ་སྐད་ཆ་བཤད་རྒྱུ་དང་ཚོགས་འདུ་བསྐོང་ཡ་ཆགས་ཀྱི་འདུག སྐབས་དེ་ཡར་མར་ག་བ་འགྲོ་ནའང་ང་རང་གིས་བོད་ཀྱི་དར་ཆ་ཆུང་ཆུང་ཞིག་ཁྱེར་ནས་འགྲོ་གིན་ཡོད། མཛངས་མ་དེ་ཚོ་དང་གང་ཟག་གཞན་པ་ཚོས་ང་ལ་རྟག་པ་དྲི་བ་གཏོང་ཡོང་གི་འདུག ཁྱེད་ཀྱིས་ག་བ་ཡིན་ན་དར་ཆ་འདི་ཁུར་ནས་འགྲོ་གིན་འདུག རྒྱུ་མཚན་གང་རེད་འདྲི་མཁན་མང་པོ་ཡོང་གི་འདུག སྐབས་དེར་ང རང་གིས་བོད་དོན་འགྲེལ་བཤད་ཡག་པོ་རྒྱག་སའི་གོ་སྐབས་རག་གི་འདུག མ་ཟད་ཉིན་མཐའ་མ་ལ་མཛམ་གླིང་གང་ས་ནས་གཟིགས་བཞིན་པའི་སྡིགས་ཆ་ཆེན་པོ་དེའི་གོང་ལ་བོད་ཆས་ཆ་ཚང་གོན་ནས་སྤོབས་པ་ཆེན་པོས་ཐོག་ནས་བོད་ཟེར་བ་དེ་ག་འདྲ་ཞིག་ཡོད་མེད་འཛམ་གླིང་མི་དམངས་མདུན་ལ་སྟོན་ཐུབ་པ་དེ་བོད་དོན་ཁྱབ་བསྒྲགས་ཤུགས་ཆེན་བྱས་པ་ཡིན་བསམ་པ་བྱུང་།

དྲི་བ་ལྔ་པ། ང་ཚོས་མ་འོངས་པ་བོད་དོན་ལ་རྒྱབ་སྐྱོར་མཚོན་ཐབས་དང་ཆོས་རིག་གཞུང་མི་ཉམས་དར་སྤེལ་གཏོང་ཐབས་བསམ་བློ་མི་འདྲ་བ་གང་ཡོད་དམ།

ལན། བོད་ཀྱི་ཆོས་རིག་གཞུང་དེ་དར་སྤེལ་གཏོང་བ་ལ་ཐབས་ཤེས་མང་པོ་འདུག་དྲན་གྱི་འདུག དཔེར་ན། ང་ཚོ་ཉིན་མ་ཉིན་མ་ས་ཆ་ག་བར་ཡིན་ནའང་འགྲོ་བཞིན་ཡོད་རེད། སྐབས་དེར་མི་གཞན་ལ་བོད་ཀྱི་ཆོས་རིག་གཞུང་ངོ་སྤྲོད་བྱེད་ཡ་དང་། མ་ཟད་ང་ཚོ་བོད་པ་ལ་ཡོད་པའི་བསམ་བློར་མི་གཞན་ལ་ཕན་མ་ཐོག་ནའང་གནོད་མ་སྐྱེལ་བའི་གོམས་གཤིས་དང་བྱམས་སྙིང་རྗེ་སོགས་འགྲེལ་བཤད་རྒྱག་ཐུབ་ནའང་ཧ་ཅང་ཡག་པོ་འདུག་བསམ་གྱི་འདུག མ་ཟད་རྒྱ་མི་རིགས་ཤིག་ཡིན་ནའང་ངག་འཇམ་པའི་ཐོག་ནས་བོད་དོན་འགྲེལ་བཤད་བྱེད་དགོས་རེད་བསམ་གིན་འདུག ང་ཚོ་གཟའ་ལྷག་པ་བོད་ཆས་གོན་པ་དང་མ་ཟད་སྐལ་བཟང་དུས་བཟང་ལ་བོད་ཀྱི་ལུགས་སྲོལ་དེ་ཚོ་ངེས་པར་དུ་བྱེད་དགོས་རེད་བསམ་གྱི་འདུག བཙན་བྱོལ་ནང་བོད་ཕྲུག་འགའ་རེ་བོད་སྐད་གཙང་མ་མ་རྒྱག་པ་དེ་ཚོ་ལ་དམའ་འབེབས་དང་ཚིག་རྩུབ་སོགས་རྩ་བ་ཉིད་ནས་བྱེད་རུང་གི་མི་འདུག མདོར་ན་ང་ཚོ་བོད་མི་མི་རེ་ངོ་རེ་ནས་བོད་ཀྱི་ཆོས་རིག་གཞུང་ཤེས་པ་བྱ་རྒྱུ་དེ་གལ་ཆེན་པོ་མཐོང་གི་འདུག

དྲི་བ་དྲུག་པ། ཁྱེད་རང་ངོས་ནས་མ་འོངས་པ་བོད་དོན་དང་རང་མི་རིགས་ལ་ཞབས་ཞུ་ག་འདྲ་ཞིག་ཞུ་བསམ་གྱི་འདུག

ལན། ང་རང་གི་ཀུན་སློང་དང་བསམ་བློ་ལ། མ་འོངས་པ་བོད་པ་ཉམ་ཐག་དང་རྒས་གསོ་ཁང་སོགས་ལ་འགྲོ་ནས་འཕྲོད་བསྟེན་སྐོར་ནས་ཞབས་ཞུ་ཡག་པོ་ཞུ་བསམ་པ་ཡོད། མ་ཟད་ང་ཚོའི་བོད་ཀྱི་གཞོན་སྐྱེས་རྣམས་ལ་ཡར་ལངས་ནས་ལས་ཀ་ག་རེ་ཡིན་ན་བྱེད་ཐུབ་པའི་མིག་དཔེ་ཡག་པོ་ཞིག་བསྟན་ཐུབ་ན་བསམ་པའི་ཚོར་བ་ཤུགས་ཆེན་པོ་ཡོད།

དྲི་བ་བདུན་པ། མཐའ་དོན། དམིགས་བསལ་འབོད་སྐུལ་ལམ་བསམ་ཚུལ་དམིགས་བསལ་བ་གང་གསུང་རྒྱུ་ཡོད།

ལན། མཐའ་མ་དེ་ལ་རེ་བ་ཆེན་པོ་དང་འབད་སྐུལ་ཆེན་པོ་ཞིག་ཞུ་རྒྱུ་ནི། ང་ཚོ་བོད་པ་བོད་ནང་བཞུགས་མཁན་དང་རྒྱ་གར་བཞུགས་མཁན། ཕྱི་རྒྱལ་ཁག་ནང་བཞུགས་མཁན་སོགས་བོད་མི་སུ་འདྲ་ཞིག་ཡིན་ནའང་ཉིན་རྟག་པར་དང་ལས་ཀ་ག་རེ་བྱེད་ནའང་ང་ཚོ་ལ་༧གོང་ས་མཆོག་ཡོད་རེད། ༧གོང་ས་མཆོག་གིས་ཉིན་རྟག་པར་བོད་མི་ཚོ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་རེད་གསུངས་པ་དེ་སེམས་ལ་བཅངས་ནས་བོད་མི་ཡོད་དོ་ཅོག་གིས་མཐུན་སྒྲིལ་ཡག་པོ་བྱེད་ན་༧གོང་ས་མཆོག་ཀྱང་ཐུགས་མཉེས་པོ་ཆགས་པ་དང་། བྱ་བའང་ལམ་འགྲོ་ཡག་པོ་ཡོང་བ། བོད་དོན་བདེན་མཐའ་ལའང་ཧ་ཅང་ཕན་ཐུབ་པ་བྱ་རོགས་ཞུ། དེ་ནི་ང་ཡི་རེ་བ་དང་འབོད་སྐུལ་གལ་ཆེས་ཤོས་ཡིན། ད་དུང་གཞོན་སྐྱེས་ཚོ་ལ་ཚོར་བ་རྣོན་པོ་ཐོག་ནས་ཞུ་རྒྱུ་ཞིག་ཡོད། ང་ཚོ་བོད་ཀྱི་གཞོན་སྐྱེས་ཚོ་ག་དུས་ཡིན་ནའང་གཉའ་ཆག་ནས་མ་སྡོད་རོགས་གྱིས། ངེས་པར་དུ་གོམ་པ་མདུན་ལ་སྤོ་ནས་རྒྱལ་ཁབ་གཞན་གྱི་གཞོན་སྐྱེས་ཚོ་དང་དཔུང་པ་མཉམ་གཤིབ་བྱེད་ཐུབ་པའི་ཡིད་ཆེས་དགོས་ཀྱི་འདུག ཡིད་ཆེས་དེ་ལའང་ང་ལ་བོད་མི་ས་ཡ་དྲུག་རྒྱབ་ལ་རོགས་པ་ཡོད་ཨ་བསམ་པའི་ཡིད་ཆེས་དང་གདེང་འཇོག་བྱེད་ནས་སློབ་སྦྱོང་གཙོ་བོ་བྱེད་ནས་སྡིངས་ཆ་དང་གོ་སྐབས་ལེན་ནས་མི་གཅིག་ཡར་རྒྱས་འགྲོ་ན་བོད་པ་ཡར་རྒྱས་འགྲོ་གིན་ཡོད་པ་དེ་ཤེས་དགོས་ཀྱི་འདུག ཐུགས་རྗེ་ཆེ།

དྲི་བ་འདྲི་མཁན་བྱམས་པ།

གསལ་བསྒྲགས་ཀྱི་ས་མིག