བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག པར་དབང་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

ཆབ་སྲིད་རྩོམ་ཡིག
ཡིག་གཟུགས་སྒྲིག་ཆས།

བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེས་ད་ལོར་ཨ་རིའི་ནིག་ཡོག་གྲོང་ཁྱེར་དུ་གསུང་བཤད་གནང་བ། ཡིག་ཐོག་ཏུ་ཕབ་མཁན་འབྲོག་མྱི། བཙོན་བྱོལ་བོད་གཞུངགི་བཀའ་བློན་ཁྲི་བ་ཟམ་གདུང་རིན་པོ་ཆེས་ཕྱི་ལོ་༢༠༡༠ལོའི་ཟླ་༥བའི་ཚེས་༢༢ཉིན་ཨ་མེ་རི་ཀའི་གྲོང་ཁྱེར་ནིག་ཡོག་ཏུ་བོད་མི་༥༠༠༠ཙམ་ལ་དབུ་མའི་ལམ་གྱི་སྲིད་བྱུས་བྱུང་རིམ་ཐད་གསུང་བཤད་གནང་བ་དང༌། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་གསུང་བཤད་ཡོངས་རྫོངས་གཤམ་གསལ་ལྟར།

དབུ་མའི་ལམ་ཀྱི་སྲིད་བྱུས་ཀྱི་རྒྱབ་རྟེན།

སྤྱིར་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་པ་དེ་ནི་༡༩༧༤ལོ་ནས་ཐུགས་གཏན་ཁེལ་བའི་ང་ཚོས་རྒྱུན་ཡུན་རིང་བོར་འཛིན་སྐྱོང་གནང་བའི་སྲིད་བྱུས་ཤིག་ཏུ་ཆགས་ཡོད།དབུ་མའི་ལམ་གྱི་ཐོག་མའི་ལྟ་གྲུབ་ཀྱི་རྒྱབ་རྟེན་ནི།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནམ་རྒྱུན་སྙིང་རྗེ་སྙིང་བོ་ཅན་གྱི་ལྷག་སེམས་དེ་འཛམ་གླིང་ཡོངས་རྫོགས་ལ་གནང་དང་གནང་བཞིན་པ་དང༌།སྒོས་སུ་འཇིག་རྟེན་འདིའི་ནང་དཀའ་རྙོག་ཅི་ཞིག་བྱུང་ཡང་གཉིས་མོས་མཛའ་མཐུན་གྱི་ངོས་ནས་སེལ་དགོས་པ་ལས་གདོང་ཐུག་དང་འགལ་ཟླའི་ལམ་ནས་སེལ་ཕྱོགས་དེ་ཕན་ཐོགས་ཅན་ཞིག་མིན་ཞེས་གསུངས་དང་གསུང་བཞིན་པ་རེད།འདས་པའི་དུས་རབས་ཉི་ཤུ་པ་དེ་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཏུ་གྱུར་བ་རེད།དུས་རབས་ཉེར་གཅིག་པ་འདི་ནི་དཀའ་རྙོག་གི་ཆེད་དུ་དམག་འཁྲུག་སྤང་ནས་བགྲོ་གླེང་གི་ལམ་ནས་སེལ་དགོས་པའི་དུས་རབས་ཤིག་ཡིན་པ་བཀའ་གནང་གིན་ཡོད་པ་བཞིན།རྒྱུ་མཚན་དེའི་དབང་གིས།ང་ཚོའི་བོད་ཀྱི་རྕ་དོན་སྒྲུབ་ཕྱོགས་ཀྱི་ཐད་དུའང་གཉིས་མོས་དང་གཉིས་སྨན་གྱི་ལམ་ཞིག་ལ་མ་བསྟུན་ཚེ་སྒྲུབ་ཐབས་མེད་པ་ཞིག་ཡིན་པས།བགྲོ་གླེང་དང་གུ་ཡངས་ཀྱིས་རྩ་དོན་བསྒྲུབ་དགོས་ན་གཉིས་སྨན་གྱི་ལངས་ཕྱོགས་ཤིག་འཛིན་དགོས་པ་དང།ལྷག་པར་དུ་ནང་པའི་རྟེན་འབྱུང་གི་ལྟ་བར་བསྟེན་ནས་འཚེ་བ་མེད་པའི་སྤྱོད་པ་ཞིག་འཛིན་དགོས་ཚེ་གཉིས་མོས་གཉིས་སྨན་ཅན་དེ་གལ་འགངས་ཅན་དུ་གྱུར་ཡོད་ལ།ལྟ་གྲུབ་རྒྱབ་རྟེན་དེ་འདི་འདྲ་ཞིག་གི་འོག་ཏུ་བྱུང་པ་རེད།

དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ།

དབུ་མའི་ལམ་ཞེས་པ་དེ་མཐའ་གཉིས་དང་བྲལ་བའི་ལམ་ཞིག་ལ་གོ་དགོས་ལ། འོ་ན་དབུ་མའི་ལམ་གྱི་མཐའ་གཉིས་དེ་གང་རེད་ཅེ་ན།བོད་དེ་རང་བཙན་བསྐྱར་གསོ་བྱས་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁ་བྲལ་དུ་འགྲོ་རྒྱུ་དེ་ནི་མཐའ་གཅིག་རེད།ད་ལྟའི་བོད་ཀྱི་རང་དབང་མེད་པའི་གནས་བབ་ཇི་ལྟར་ཡོད་པ་དེ་ལྟར་འདུག་རྒྱུ་དེ་མཐའ་གཞན་ཞིག་རེད།ད་ལྟའི་གནས་བབ་དང་ཁ་བྲལ་དུ་འགྲོ་རྒྱུའི་མཐའ་གཉིས་སྤང་པའི་དེའི་དཀྱིལ་དུ་འགྲོ་རྒྱུའི་སྲིད་ཇུས་དེ་ལ་དབུ་མའི་ལམ་གྱི་སྲིད་ཇུས་སུ་འབོད་ཀྱིན་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་མངོན་འདོད། དབུ་མའི་ལམ་གྱི་སྲིད་བྱུས་ལ་མངོན་འདོད་ཅི་ཞིག་ཡོད་ཅེ་ན།བོད་ཀྱི་གནད་དོན་འགྲིག་མཐུན་ཡོང་རྒྱུའི་ཆེད་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་ཆ་རྐྱེན་ཅི་ཡོད་གཅིག་ཀྱང་མ་ལུས་པར་མིང་དོན་མཚུངས་པ་ཞིག་ལག་བསྟར་བྱེད་དགོས་པ་དང།བོད་རིགས་ཡོངས་སུ་རྫོགས་པ་འཛིན་སྐྱོང་གཅིག་གི་འོག་ཏུ་འདུས་པ།དེ་འགྲུབ་ཐབས་སུ་འཚེ་བ་མེད་པའི་ཐབས་ལམ་འབའ་ཞིག་ལ་བརྟེན་པ།དེ་གསུམ་པོ་ནི་དབུ་མའི་ལམ་གྱི་འདོར་དུ་མེད་པའི་སྙིང་དོན་དུ་ཆགས་ཡོད།

རང་སྐྱོང་གི་ཆ་རྐྱེན་གང་ཡོད་པ་དེ་ཆ་ཚང་ལག་བསྟར་བྱེད་དགོས་པ་དེ་གཅིག་དང།བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་ཏུ་ཚུད་དགོས་པ་དེ་གཉིས་དང།དེ་དག་སྒྲུབ་པའི་ཐབས་ལམ་རྒྱུན་དུ་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་རྒྱུའི་ཐབས་ལམ་དེ་གསུམ་པོ་ནི་དབུ་མའི་ལམ་གྱི་ཡན་ལག་གམ་གྲུབ་ཆ་གལ་ཆེ་ཤོས་ཏེ་ཆགས་ཡོད། དེ་དང་ཆབས་ཅིག་ཏུ་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་ཀྱི་རྩ་དོན་སེལ་ཐབས་ཀྱི་སྐབས་སུ་བོད་ཀྱི་འདས་པའི་བྱུང་རབས་ལ་བསྐྱར་གསོ་བྱེད་ཐབས་མེད་པ། སྲིད་དོན་གྱི་དམིགས་ཡུལ་བཟུང་ནས་བྱུང་རབས་ལ་འཁྱོག་བཤད་བྱས་པ་ལ་ངོས་ལེན་བྱེད་ཐབས་མེད་པ།འབྱུང་འགྱུར་གྱི་འགྲིག་འཇགས་འཚོལ་བའི་སྐབས་སུ་འདས་པའི་བྱུང་རབས་རྒྱུ་མཚན་དུ་བཟུང་ནས་འགྲིག་མཐུན་མི་འཚོལ་རྒྱུ་དེའང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཁྱད་ཆོས་སུ་གྱུར་ཡོད།

དབུ་མའི་ལམ་གྱི་སྲིད་བྱུས་འཛིན་དགོས་དོན་གྱི་རྒྱུ་མཚན།

དབུ་མའི་ལམ་གྱི་སྲིད་བྱུས་འཛིན་དགོས་དོན་གྱི་རྒྱུ་མཚན་ཅི་ཡིན་ཞེ་ན།དེ་ལ་རྒྱུ་མཚན་མང་པོ་ཡོད་ལ།སྔོན་ཆད་ཡིན་ན་མི་རིགས་རྒྱལ་ཁབ་ཀྱི་ལྟ་གྲུབ་གཅིག་པུས་རྒྱལ་ཁབ་བདག་འཛིན་བྱས་པ་རེད།དེ་རིང་གི་དུས་རབས་འདི་རུ་ལྟ་གྲུབ་དེ་དུས་ཚོད་ཡོལ་བར་ངོས་འཛིན་བྱེད་ཀྱིན་ཡོད་ལ།ཡོ་རབ་སྤྱི་མཐུན་ལ་མཚོན་ན་རྒྱལ་ཁབ་མང་པོས་སོ་སོའི་མི་སེར་རང་བཙན་གྱི་ཁེ་ཕན་བློས་བཏང་ནས་སྤྱི་མཐུན་སྒྲིག་འཛུགས་ནང་ཞུགས་ཐབས་བྱེད་བཞིན་ཡོད།དེང་གི་དུས་རབས་འདི་གཅིག་ལ་གཅིག་རྟེན་གྱི་དུས་རབས་ཤིག་ལས་ཁེར་རྐྱང་གི་དུས་རབས་ཤིག་མ་རེད།རྒྱུ་མཚན་དེའི་དབང་གིས་ང་ཚོས་ཀྱང་དེ་དང་མཐུན་པའི་བསམ་བློ་གཏོང་དགོས་པ་དེའང་གལ་ཆེན་དུ་གྱུར་ཡོད། བོད་སའི་ཆགས་བབ་ལ་གཞིགས་ནའང་ཕྱོགས་བཞི་མཚམས་བརྒྱད་ཚང་མ་སྐམ་སས་བསྐོར་བའི་ས་ཆ་ཞིག་ཡིན་ཕྱིན་ཁྱིམ་མཚེས་རྒྱལ་ཁབ་དེ་དག་ལ་མ་བསྟུན་པར་དཔལ་འབྱོར་དང་སྔོན་འགྲོ་ཡར་རྒྱས།དེ་བཞིན་དེང་རབས་ཀྱི་སྤྱི་ཚོགས་ཡར་རྒྱས་ཟེར་བ་དེ་ཐོབ་ཐབས་མེད་ལ།དེའི་ཕྱིར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་གནས་བྱེད་རྒྱུ་དེ་གལ་ཆེན་ཞིག་ཡིན་པ་ཙམ་ལས་གཞན་ད་དུང་དེ་ལས་ང་ཚོ་ལ་དངོས་གནས་ཁེ་ཕན་མང་པོ་ཞིག་ཡོད་བཞིན་པ་དེ་རེད། དེ་ལས་གཞན་གནད་འགག་ཆེ་བ་ཞིག་ནི།དེ་རིང་སང་ཉིན་སྲིད་བྱུས་ཅི་ཞིག་བཟུང་ཡང༌།དངོས་ཡོད་གནས་ཚུལ་དང་མ་བསྟུན་ཚེ་འགྲོ་ས་ཡེ་ནས་མེད།གལ་ཏེ་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ཞིག་བཟུང་ཚེ་འཛམ་གླིང་ཡོངས་ཀྱི་ཆབ་སྲིད་ཀྱི་གྲོས་སུ་ཚུད་ཐབས་མེད།མངོན་འདོད་རང་ལུགས་སྟེང་སྲིད་བྱུས་ཤིག་མ་བཟུང་ཚེ་ཐབས་ཤེས་གཞན་མེད་པའི་སྐབས་འདི་རུ་ད་ལྟའི་ང་ཚོའི་དངོས་ཡོད་གནས་ཚུལ་དེ་དབུ་མའི་ལམ་ལས་གཞན་པའི་ཐབས་ལམ་ཞིག་ང་ཚོའི་མདུན་དུ་ལྷག་མེད།

དེ་ནི་དངོས་ཡོད་གནས་སྟངས་ཤིག་རེད།དེ་ཙམ་གྱི་མ་སྲིད་པར།བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་གཞི་མང་ཆེ་བ་ཞིག་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱུན་འཁྱོངས་བྱེད་དགོས་པ་ལས་རྒྱལ་ནང་དུ་རྒྱུན་འཁྱོངས་བྱེད་ཐབས་མེད།རྒྱལ་སྤྱིའི་ནང་རྒྱུན་འཁྱོངས་བྱེད་དགོས་ན་རྒྱལ་སྤྱིའི་གཞུང་དང་སྒྲིག་འཛུགས་དེ་ཚོའི་རྒྱབ་སྐྱོར་རག་དགོས་པར་གྱུར་ཡོད།དེ་ལས་གཞན་བོད་དོན་བདེན་མཐའ་མ་སེལ་བར་དུ་༧གོང་ས་མཆོག་གི་དབུ་ཁྲིད་པའི་རྒྱ་གར་དུ་ཡོད་པའི་བཙོན་བྱོལ་བོད་མའི་སྒྲིག་འཛུགས་དེ་རྒྱུན་གནས་ཐུབ་པ་ཞིག་མ་བྱུང་ཚེ་མ་འགྲིག་པ་རེད།དེ་དག་རྒྱུན་གནས་ཐུབ་དགོས་ན་ང་ཚོའི་སྲིད་བྱུས་དེ་མངོན་འདོད་དང་མ་མཐུན་ཚེ་དཀའ་ངལ་དང་འཕྲད་ཀྱིན་ཡོད། དེ་མིན་པའི་གནད་འགག་ཅིག་ནི།བོད་ལ་མི་འབོར་ས་ཡ་དྲུག་ཡས་མས་ཤིག་མ་གཏོགས་མེད་པ་དང༌།༢༠༠༠ཐམ་པའི་རྒྱ་ནག་གཞུང་གི་མི་འབོར་ཞིབ་བཤེར་ལྟར་ན་ས་ཡ་ལྔ་དང་གྲངས་ཆུང་ཁ་ཤས་ཤིག་ལས་མེད།དེ་ཚོའང་དུས་རབས་མང་པོའི་རིང་བོད་དགའ་ལྡན་ཕོ་བྲང་གཞུང་གི་མངའ་དབང་ལས་རིམ་པས་ཁ་གྱེས་ནས་༡༩༥༡ལོར་བོད་ཀྱི་གནས་བབ་ཤོར་བའི་སྐབས་སུ་ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་ཙམ་མ་གཏོགས་གཞན་རྣམས་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་སུ་མེད།ལོ་རྒྱུས་ཀྱི་བདེན་དོན་བཞིན་རང་བཙན་བསྐྱར་གསོ་བྱས་ཚེ་ཆ་ཤས་དེ་ཙམ་མ་གཏོགས་རང་བཙན་བསྐྱར་གསོ་བྱེད་རྒྱུར་རེ་བ་མེད་པར་གྱུར་ཡོད།དེའི་ནང་དུ་བོད་མི་བརྒྱ་ཆའི་ལྔ་བཅུ་ལས་ཉུང་བ་ཞིག་ལས་མང་ཤོས་ཕྱི་ལོགས་སུ་ལྷག་འགྲོ།བོད་ཀྱི་ས་ཆའི་ཆ་ཤོས་གཅིག་དང་མི་འབོར་གྱི་ཆ་ཤོས་གཅིག་ལ་རང་བཙན་བསྐྱར་གསོ་བྱུང་བ་ལས།བོད་མི་ས་ཡ་དྲུག་དང་བོད་ཀྱི་ས་ཁྱོན་ཡོངས་སུ་རྫོགས་པ་དེ་མཉམ་དུ་བསྡད་ནས་རང་སྐྱོང་ཚད་མཐོ་ལྡན་པ་དེ་གཉིས་གདམ་དགོས་ཚེ།ང་ཚོས་མཉམ་དུ་བསྡད་ནས་ཚད་མཐོའི་རང་སྐྱོང་དེ་གདམ་དགོས་པ་ཆགས་ཡོད།

དེ་ལས་གཞན་རྒྱལ་ཁབ་མང་པོའི་ནང་དེང་སྐབས་མི་རིགས་ཀྱི་ཆ་དང།ལེགས་བྱང་གི་ཆ།སྐད་ཡིག་གི་ཆ་ནས་ཚད་མཐོ་བའི་རང་སྐྱོང་སྤྲད་ཡོད་ལ།ཚད་མཐོ་བའི་རང་སྐྱོང་དེ་ཚོ་སོ་སོ་གནས་བསྡད་པའི་རྒྱལ་ཁབ་ནང་ཡག་པོའི་ངང་གནས་ཐུབ་ཀྱིན་ཡོད་པ་རེད་ལ་ཚོད་ལྟ་དེར་ལེགས་གྲུབ་ཀྱང་བྱུང་ཡོད།རྒྱལཁབ་ཆེན་པོ་དེ་ཚོའི་མངའ་ཐང་དང་གཏན་གནས་ཡོང་ཕྱིར་ཚད་མཐོ་རང་སྐྱོང་སྤྲད་པ་དེ་དག་དོན་དང་ལྡན་པ་ཞིག་ཏུ་ང་ཚོས་མཐོང་གི་ཡོད། དེ་མིན་བོད་ཀྱི་ཆོས་དང་རིག་གཞུང།ཁོར་ཡུག་སོགས་མི་རིགས་ཀྱི་ངོ་བོར་གྱུར་བ་རྣམས་རྩ་གཏོར་དུ་འགྲོ་རྒྱུའི་ཉེན་ཁ་ཞིག་ཡོད་དང་ཡོད་བཞིན་པ་རེད།དེ་འདྲིའི་ཛ་དྲག་གི་གནས་བབ་དེ་སྐྱོབ་ཐུབ་མཁན་དུ་དབུ་མའི་ལམ་གྱི་སྲིད་བྱུས་ལྟ་བ་ཞིག་མ་བྱུང་ཚེ་ཐབས་ལམ་གཞན་མེད་པའི་རྒྱུ་མཚན་ལ་བསྟུན་ནས་དབུ་མའི་ལམ་གྱི་སྲིད་བྱུས་བྱུང་པ་རེད་ཅེས་ངས་མདོར་བསྡུས་ཀྱིས་ཞུས་འདོད་བྱུང༌།

དབུ་མའི་ལམ་གྱི་སྲིད་བྱུས་དེ་ཇི་ལྟར་གཏན་འབེབ་བྱས་པ་རེད།

དབུ་མའི་ལམ་གྱི་སྲིད་བྱུས་དེ་༧གོང་ས་རྒྱལ་བ་རིན་པོ་ཆའི་དགོངས་པ་ཡིན་པ་དེ་བཤད་མི་དགོས་མོད།འོན་ཀྱང་རྒྱལ་བ་རིན་པོ་ཆེས་གཅིག་གཅོད་བྱས་ཏེ་འདི་ངའི་བསལ་ཚུལ་ཡིན་ཚང་མས་ངོས་ལེན་བྱེད་དགོས་ཞེས་ནམ་ཡང་བཀའ་གནང་མེད་པ་མ་ཟད།ད་དུང་ངོས་ནས་འདི་འདྲ་ཞིག་བསམ་བྱུང་ཁྱེད་རང་ཚོས་གོ་བསྡུར་གྱིས་དམངས་གཙོའི་ལམ་ལུགས་དང་མཐུན་པ་ཞིག་གནང་དགོས་ཀྱིན་འདུག་ཅེས་བཀའ་གནང་པ་ཞིག་རེད། ༧༠དུང་གྲངས་ནས་སྐབས་དེ་དུས་ཀྱི་སྤྱི་འཐུས་ལྷན་ཚོགས་དང།བཀའ་ཤག་ལ་སོགས་པ་དམངས་གཙོའི་སྐུ་ཚབ་མཚོན་པའི་སྤྲུལ་དབང་མང་པོ་ཞིག་དང་བཀའ་བསྡུར་གནང་ནས་ནམ་ཞིག་བོད་རྒྱ་གཉིས་བར་ཐད་ཀར་འབྲེལ་བ་བྱུང་ཚེ།ང་ཚོའི་ལངས་ཕྱོགས་ག་འདྲ་ཞིག་དགོས་ཀྱིན་འདུག་ཅེས་དྲུག་ཅུ་རེ་གྲངས་ནས་འགོ་བཙུགས་ཏེ་བཀའ་བསྡུར་དགོངས་བཞེས་གནང་ནས་༡༩༧༤འི་ལོར་རྒྱ་ནག་ནང་ད་དུང་རིག་གནས་གསར་བརྗེའི་ལས་འགུལ་མ་རྫོགས་པའི་སྐབས་ནས་བཟུང༌།སྐབས་དེ་དུས་ཀྱི་བཀའ་ཤག་དང་བོད་མི་དངམས་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གྱིས་གཙོ་ཡིན་པ་དང་བཅས་རྒྱལ་བ་རིན་པོ་ཆེ་དང་མཉམ་དུ་བཀའ་བསྡུར་བྱས་ནས་མ་འོངས་པར་ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་རྒྱུ་ཡིན་ཞེས་གཏན་འབེབས་བྱས་པ་རེད།དེ་འདྲ་གཏན་འབེབ་བྱས་པར་བརྟེན་ནས་༡༩༧༨ལོར་རྒྱ་ནག་གི་དབུ་ཁྲིད་ཏུན་ཞོ་ཕེན་གྱིེས་བོད་དོན་གྲོས་མོལ་བྱ་རྒྱུར་འདོད་མོས་ཡོད་ལུགས་ཀྱི་བཀའ་གནང་དུས་ང་ཚོའི་ངོས་སུ་ལན་འདེབས་ཆོག་ཆོག་ཡིན།

དེ་ནས་བཟུང་བའི་༡༩༨༧ལོའི་བར་དབུ་མའི་ལམ་ལ་ཟུར་མཆན་འགྲེལ་བརྗོད་ཅི་ཡང་མེད་པར་བོད་དེ་རྒྱ་ནག་དང་ཁ་བྲལ་བྱེད་རྒྱུ་མིན་རང་སྐྱོང་ཚད་མཐོ་དགོས་ཞེས་པ་ཙམ་མ་གཏོགས་རང་སྐྱོང་ཚད་མཐོའི་ངོ་བོ་དེ་ཅི་ཞིག་ཡིན་པར་གསལ་བཤད་དང་ཚད་ཐིག་ཅི་ཡང་མེད།རྒྱ་ནག་དབུས་གཞུང་གིས་རང་སྐྱོང་ཚད་མཐོ་ཞེས་པར་གསལ་བཤད་ཅིག་དགོས་པའི་རེ་འདུན་བཏོན་པ་བཞིན།༡༩༨༧ལོར་འཆར་སྣང་གི་ཞི་བའི་དོན་ཚན་ལྔ་དེ་ཨ་རིའི་གྲོས་ཚོགས་ནང་གསལ་བསྒྲགས་གནང་པ་རེད།༡༩༨༨ལོར་ཞི་བའི་དོན་ཚན་ལྔ་ཞེས་པར་རྒྱས་བཤད་ཀྱི་ཚུལ་དུ་ཡོ་རབ་གྲོས་ཚོགས་སུ་གསལ་བསྒྲགས་གནང་པ་དེ་ལ་ཡོངས་གྲགས་སུ་སི་ཊ་སི་སྦག་གི་གྲོས་འཆར་ཞེས་འབོད་ཀྱིན་ཡོད།སི་ཊ་སི་སྦག་གི་གསལ་བསྒྲགས་དེ་ནི་དབུ་མའི་ལམ་གྱི་རྒྱས་བཤད་དང་པོ་དེ་ཆགས་ཡོད། དབུ་མའི་ལམ་གྱི་རྒྱས་བཤད་དང་པོ་དེ་ཡིན་ཕྱིར།གསལ་བསྒྲགས་མ་གནང་བའི་སྔོན་གྱི་༡༩༨༨ལོའི་ཕྱི་ཟླ་༦པའི་ཚེས་༦ནས་༩བར་གྱི་ཉིན་བཞིའི་རིང་ལ་རྡ་རམ་ས་ལར་བཀའ་ཤག་དབུ་བཞུགས་ཀྱིས་སྤྱི་འཐུས་ལྷན་ཚོགས་དང༌།གཞུང་ཞབས་རྣམས་པ།གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག རང་བྱུང་སྡེ་ཚན་ཁག གསར་དུ་འབྱོར་བའི་བོད་མིའི་འཐུས་ཚབ། དམིགས་བསལ་སྐུ་མགྲོན་བཅས་ནས་བཙན་བྱོལ་བོད་མིའི་སྐུ་ཚབ་མཚོན་པའི་དམིགས་བསལ་ཆབ་སྲིད་ཚོགས་ཆེན་གཞི་རྒྱ་ཆེ་བ་ཞིག་བསྐོང་ཚོགས་གནང་བ་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚང་མས་འདིའི་ནང་ཆ་ཤས་བླངས་ཡོད༌། ཉིན་བཞིའི་རིང་བགྲོ་གླེང་མཐར་ཕྱིན་གནང་པའི་མཐའ་དོན་དུ། སྤྱི་མོས་ཀྱིས་སི་ཊ་སི་སྦག་གི་གྲོས་འཆར་ལ་རྒྱབ་སྐྱོར་གནང་བ་རེད།དེ་བཀའ་ཤག་དང་སྤྱི་འཐུས་གཉིས་གཅིག་པུ་མིན་པར་མི་དམངས་ཀྱི་སྐུ་ཚབ་ཀྱི་མཚོན་པའི་འཐུས་མི་མང་པོ་དང་ཐད་ཀར་བགྲོ་གླེང་བྱས་ཏེ་དབུ་མའི་ལམ་དང་འགྲེལ་བ་ཡོད་པའི་ཐག་གཅོད་དང་པོ་དེ་རེད།

དེའི་རྗེས་སུ་༡༩༩༣ལོ་ནས་བོད་རྒྱ་འབྲེལ་ལམ་ཆད་པ་རེད།དེའི་ཕྱིར་༡༩༩༥ནས་༩༦བར་རྒྱལ་བ་རིན་པོ་ཆེས་བསྐྱར་དུ་མ་འོངས་པའི་ལངས་ཕྱོགས་ག་འདྲ་ཞིག་དགོས་ཀྱིན་ཡོད་མེད་ཐད་མང་མོས་ཐག་གཅོད་གོ་བསྡུར་བྱེད་དགོས་ཞེས་བཀའ་གནང་པ་ལྟར།བཀའ་ཤག་དང་སྤྱི་འཐུས་ཐུན་མོང་གིས་མང་མོས་ཐག་གཅོད་འོས་བསྡུའི་ལས་རིམ་འགོ་བཙུགས་པ་དང༌། སྐབས་དེར་གཏམ་བཤད་མང་པོ་དབྱེ་བ་བཀར་ནས་བྱས་པ་དང།མང་མོས་འོས་བསྡུ་དངོས་གཞིར་མ་ཞུགས་པའི་གོང་གི་སྔོན་འགྲོའི་ལས་རིམ་ནང་བསམ་ཚུལ་བརྒྱ་ཆའི་༦༤བརྒལ་བ་ཞིག་གིས་མང་མོས་ཐག་གཅོད་འོས་བསྡུ་མ་དགོས་པར་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་གནང་རྒྱུར་རྒྱལ་བ་རིན་ཆེས་ཐག་གཅོད་གནང་རོགས་གནོངས་ཞེས་གསོལ་བ་བཏབས་པ་ཡིན་པས།༡༩༩༧ལོའི་ཟླ་༧པའི་ཚེས་༡༨གྱི་ཉིན་མོར།བོད་མི་དངམས་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱལ་བ་རིན་པོ་ཆེས་དུས་ནས་དུས་སུ་རྒྱལ་སྤྱིའི་གནས་བབ་ལ་གཟིགས་ནས་ཐག་གཅོད་མཛད་གནང་ཡོང་པ་དང༌།རྒྱལ་བ་རིན་པོ་ཆེས་གང་ཐག་གཅོད་གནང་པ་དེ་མང་མོས་འོས་བསྡུའི་ལམ་ནས་ཐག་གཅོད་གནང་པ་དང་ཁྱད་པར་མེད་པར་ངོས་འཛིན་བྱ་རྒྱུ་ཡིན་ཞེས་སྤྱི་མོས་ཀྱི་གྲོས་ཆོད་བཞག་པ་རེད།སྤྱི་མོས་ཀྱི་གྲོས་ཆོད་དེའི་ལན་དུ་རྒྱལ་བ་རིན་པོ་ཆེས་༩༨ལོའི་གསུམ་བཅུའི་གསུང་འཕྲིན་ནང་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་གནང་རྒྱུ་གསལ་བསྒྲགས་གནང་པ་རེད།དེ་ནི་མང་པོ་དང་སྤྱི་འཐུས་ལྷན་ཚོགས་སྤྱི་མོས་ཀྱིས་དམངས་གཙོའི་བརྒྱུད་ལམ་ལྟར་ཐག་གཅོད་གཉིས་པ་དེ་ཆགས་ཡོད། དེ་རྗེས་སུ་༢༠༠༢ལོར་བོད་རྒྱ་འབྲེལ་ལམ་བསྐྱར་གསོ་བྱུང་བ་རེད།དེ་ནས་བོད་རྒྱའི་བར་འབྲེལ་མོལ་ཐེངས་བདུན་ལ་གནང་ཡང་རྩ་དོན་ཐད་འགྱུར་བ་འགྲོ་བའི་དོན་དག་ཅི་ཡང་བྱུང་མེད། ཕྱི་ལོ་༢༠༠༨ལོར་བོད་ནང་དུ་ཞི་རྒོལ་ཆེན་མོ་བྱུང་བ་རེད།དེ་བཞིན་བཙན་བྱོལ་སྤྱི་ཚོགས་སུའང་ཛ་དྲག་གི་ཚོགས་འདུ་ཆེན་པོ་ཞིག་བསྐོང༌།དེའི་སྐབས་སུ་བསྐྱར་དུ་རྒྱལ་བ་རིན་པོ་ཆེས་ཆ་རྐྱེན་དོན་ཚན་ལྔའི་འོག་ཏུ་ཕྱི་ལོ་༢༠༠༨ལོའི་ཟླ་༡༡པའི་ཚེས་༡༧ནས་ཚེས་༢༢བར་གྱི་ཉིན་དྲུག་གི་རིང་རྡ་རམ་ས་ལར་དམིགས་བསལ་ཚོགས་ཆེན་བསྐོང༌།དམིགས་བསལ་ཚོགས་ཆེན་སྐབས་འཛམ་གླིང་གང་སར་ཡོད་པའི་བོད་མའི་ངོ་ཚབ་མཚོན་པའི་འཐུས་མི་༥༨༠ལྷག་འཛོམས་ཐུབ་ཡོད།ཉིན་དྲུག་གི་རིང་བགྲོ་གླེང་གནང༌།ཚོགས་འདུ་མ་འཚོགས་པའི་སྔོན་དུ་བོད་རིགས་གནས་སྡོད་ས་གནས་སོ་སོ་རུ་བགྲོ་གླེང་གནང་ནས་བསམ་འཆར་ཁག་ཕུལ་ཡོད། ཚང་མ་ཕྱོགས་སུ་བསྡོམས་ནས་དམིགས་བསལ་ཚོགས་ཆེན་གྱི་མཇུག་བསྡོམས་དེ་རུ།བསམ་འཆར་བརྒྱ་ཆའི་བརྒྱད་ཅུ་བརྒལ་བ་ཞིག་གི་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་བྱེད་རྒྱུར་མང་མོས་ཀྱིས་རྒྱབ་སྐྱོར་ཞུས་ཡོད།དེ་ནི་མང་ཚོགས་ཀྱིས་ཐད་ཀར་བསམ་ཚུལ་གྱི་ཐོག་ནས་དམངས་གཙོ་བརྒྱུད་ལམ་གྱི་ཐག་གཅོད་གསུམ་པ་དེ་རེད།

ད་ལོ་སྟེ་ཕྱི་ལོ་༢༠༡༠ལོའི་ཟླ་༣པའི་ཚེས་༢༡ཉིན།བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་བསྐྱར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེའི་གསུང་འཕྲིན་ལ་བགྲོ་གླེང་སྐབས་སུ། གྲོས་ཚོགས་ཀྱིས་བསམ་ཤེས་ཀྱིས་སྤྱི་མོས་གྲོས་ཆོད་བཞག་ཏེ་བསྐྱར་དུ་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་ཡོད།དེ་ནི་བོད་མི་དམངས་སྤྱི་འཐུས་ཀྱི་དམངས་གཙོ་བརྒྱུད་ལམ་ལྟར་གནང་བའི་ཐག་གཅོད་བཞི་བ་དང་གསར་ཤོས་དེ་རེད། དེའི་ཕྱིར་དབུ་མའི་ལམ་གྱི་སྲིད་བྱུས་དེ་ནམ་ཡང་རྒྱལ་བ་རིན་པོ་ཆེས་བརྒྱ་ཁ་གཅིག་གཅོད་ཀྱིས་ཐག་གཅོད་གནང་བ་མིན།ཕྱི་ལོ་༡༩༧༤ལོ་ནས་༢༠༡༠ལོའི་བར་དུ་འདས་པའི་ལོ་༣༦རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་ནས་ཡང་དུ་མང་ཚོགས་ཀྱི་གོ་བསྡུར་བསྐྱངས་ཡང་ནས་ཡང་དུ་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་གྱིས་མང་ཚོགས་ཀྱི་རྣམ་དཔྱོད་ཀྱི་རྒྱབ་སྐྱོར་ཡོད་པའི་ཚད་མཐོའི་མང་མོས་རྒྱབ་སྐྱོེར་ཡོད་པའི་སྲིད་བྱུས་ཤིག་དུ་གྱུར་ཡོད་ལ།དེ་ཙམ་གྱི་མ་ཚད་པར།སྔ་རྗེས་སུ་བོད་ནང་གི་བོད་རིགས་ལོ་མང་རིང་བོད་ཀྱི་རྩ་དོན་ཐད་དཀའ་ལས་བརྒྱབ་མྱོང་ཡོད་པའི་བོད་ཀྱི་རྩ་དོན་ཐད་ཀྱི་མཁས་དབང་དང་ཆབ་སྲིད་པ་སོགས་མང་པོ་ཞིག་གི་རྒྱབ་སྐྱོར་ཡང་ཡོད་པའི་སྲིད་བྱུས་ཤིག་ཀྱང་ཡིན། དེའི་ཕྱིར་དབུ་མའི་ལམ་གྱི་སྲིད་བྱུས་དེ་ནི་དམངས་གཙོའི་ལམ་ལུགས་ལྟར་བྱུང་བའི་སྲིད་བྱུས་ཤིག་དང་དེའི་བྱུང་སྟངས་ཀྱང་དམངས་གཙོའི་བརྒྱུད་ལམ་ཐོག་ཐག་གཅོད་བྱས་པ་རེད།

དབུ་མའི་ལམ་གྱི་ནང་དོན་ལ་འགྱུར་བ་ཐེབས་སྟངས།

ཕྱི་ལོ་༡༩༧༤ལོར་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་བྱས་པ་ནས་བཟང།དབུ་མའི་ལམ་གྱི་ནང་དོན་ཞིབ་ཕྲ་ལ་འགྱུར་བ་མང་པོ་ཞིག་ཐེབས་ཡོད་ཕྱིར་འགྱུར་བ་འགྲོ་སྟངས་དེའང་ཤེས་དགོས་པ་ཞིག་ཡིན་པ་དང།དེ་ཡང་ཕྱི་ལོ་༡༩༧༩ལོ་ནས་ཕྱི་ལོ་༡༩༨༨བར་དུ།བོད་རྒྱ་གཉིས་བར་འབྲེལ་བ་ཐེངས་མང་བྱུང་ཡོད་ལ། དེ་དུས་སུ་དབུ་མའི་ལམ་གྱི་སྲིད་ཇུས་དེ་ཁ་བྲལ་མ་ཡིན་ཙམ་དང་དེ་དུས་ཀྱི་གནས་བབ་མི་འགྱུར་བ་ཙམ་མ་གཏོགས་རང་སྐྱོང་གི་གནས་སྟངས་ག་འདྲ་བོ་ཞིག་དགོས་མིན་ཐད་ཞིབ་ཚགས་བཟོས་མེད།ཕྱི་ལོ་༡༩༨༨ལོའི་སི་ཊ་སི་སྦག་གི་གྲོས་འཆར་ནང་ཅི་ཞིག་བཤད་ཡོད་ཅེ་ན། ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་བོད་ལ་གཞི་རྩའི་ཁྲིམས་ཡིག་ཟུར་དུ་ཡོད་པའི་དམངས་གཙོའི་ལམ་སྲོལ་ཅན་གྱི་རང་སྲིད་རང་སྐྱོང།རྒྱལ་སྲུང་གི་དམག་སྲིད་དང་གཞུང་ཚབ་གཏོང་ལེན་གྱི་ཕྱི་འབྲེལ་མ་གཏོགས་གནས་ཚུལ་གཞན་ཡོད་དོ་ཅོག་རང་སྐྱོང་ས་གནས་སྲིད་གཞུང་གི་ཁྱབ་ཁོངས་སུ་ཡོད་པ་ཅིག་དགོས་པ་དང༌།དེ་འདྲ་བྱུང་ཚེ་རང་སྐྱོང་གི་སྲིད་གཞུང་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་གནས་བྱ་རྒྱུ་ཡིན་པའི་དགོས་འདུན་བཏོན་ཡོད།ཡིན་ན་ཡང༌།སི་ཊ་སི་སྦག་གི་གྲོས་འཆར་ལ་རྒྱ་ནག་གཞུང་གིས་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་རེད་ཅེས་སི་ཊ་སི་སྦག་གི་གྲོས་འཆར་དེ་གྲོས་གཞི་ལ་མི་འོས་པ་མཐའ་གཅིག་ཏུ་ཡིན་ལོག་རྩིས་མེད་བཏང་ཡོད།དེའི་ཕྱིར།༧གོང་ས་རྒྱལ་བ་རིན་པོ་ཆེའི་ཕྱི་ལོ་༡༩༩༡དང་༩༢ལོའི་གསུང་འཕྲིན་ཁག་དང༌།དེ་བཞིན་ཕྱི་ལོ་༡༩༩༢ལོའི་ཨ་རིའི་ཡེལ་སློབ་གྲྭ་ཆེན་མོ་རུ་གནང་པའི་གསུང་བཤད་ནང།སི་ཊ་སི་སྦག་གི་གྲོས་འཆར་དེ་རང་བཞིན་ནུས་མེད་དུ་གྱུར་ཡོད་པ་གསལ་བསྒྲགས་གནང་ཡོད་པ་དང༌།དུས་དེ་ནས་བཟུང་སི་ཊ་སི་སྦག་གི་གནས་བབ་བསྡད་མེད།

སི་ཊ་སི་སྦག་གི་གྲོས་འཆར་རང་བཞིན་ནུས་མེད་དུ་གྱུར་བ་གསལ་བསྒྲགས་བྱས་པ་ནས་བཟུང་དེ་༢༠༠༨ལོའི་བར་དུ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བརྗོད་བྱའི་ནང་དོན་ལ་གཏན་འབེབ་་གསལ་བོར་བྱས་མེད།ཕྱི་ལོ་༢༠༠༢ནས་༢༠༠༨བར་བོད་རྒྱའི་བར་འབྲེལ་མོལ་ཐེངས་མང་པོ་ཞིག་བྱས་པའི་གྲུབ་འབྲས་སུ་སྤྱིར་བཏང་རྒྱལ་སྤྱིའི་དངོས་ཡོད་གནས་སྟངས་དང་རྒྱ་ནག་གཞུང་གི་ལངས་ཕྱོགས།བོད་མའི་མངོན་འདོད་ཚང་མར་ཞིབ་ཚགས་ངང་ལྟོས་རྗེས།༧གོང་ས་རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་ཀུ་བཤུང་ཆེན་པོ་ཞིག་གནང་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་རྒྱུ་ཡིན་པ་༧གོང་ས་རྒྱལ་བ་རིན་པོ་ཆེའི་༢༠༠༢ནས་༢༠༠༨ལོའི་གསུང་འཕྲིན་ཁག་དང་བཀའ་ཤག་གི་གཏམ་བཤད་ཁག་གི་ནང་དུ་གསལ་བོར་བཏོན་ཡོད།

༢༠༠༨ལོའི་བོད་རྒྱ་འབྲེལ་མོལ་ཐེངས་བདུན་པའི་སྐབས་སུ།རྒྱ་ནག་མི་དངམས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཏཱ་ལའི་བླ་མའི་དགོས་འདོད་ངོ་མ་དེ་ཁྱེར་ཤོག་ཅེས་རེ་བ་བཏོན་ཕྱིར། བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་སུ་ང་ཚོ་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོངས་ཐབས་ཀྱི་བསམ་འཆར་༽ཞེས་པའི་ཡིག་ཆ་ཞིག་རྒྱ་ནག་གཞུང་ལ་སྤྲད་པ་རེད།ཡིག་ཆེ་དིའི་ནང་དུ་རྒྱ་ནག་མི་དངམས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་གནས་བབ་ག་འདྲ་ཞིག་དགོས་ཀྱིན་ཡོད་པ་དེ་དོན་ཚན་བདུན་དུ་དབྱེ་ནས་ཞིབ་ཚགས་པ་ཞིག་བཀོད་ཡོད།དོན་ཚན་དང་པོའི་ནང་བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱི་ངོ་བོར་བརྩི་བཀུར་དགོས་པའི་རྒྱུ་མཚན་དང།དེ་ནས་བོད་མིའི་མངོན་འདོད།བོད་མིའི་གཞི་རྩའི་རང་སྲིད་རང་སྐྱོང་སྐོར་ལ་དོན་ཚན་ཁག་བཅུ་གཅིག བོད་ལ་གཅིག་གྱུར་གྱི་འཛིན་སྐྱོང་དགོས་པ།རང་སྐྱོང་གི་ངོ་བོ་དང་སྒྲོམ་གཞི།མ་འོངས་པར་མདུན་སྐྱོད་བྱེད་ཕྱོགས་ཀྱི་ལག་ལེན་བསྟར་ཐབས་སོགས་དོན་ཚན་བདུན་གྱིས་ནང་བཀོད་ཡོད།རྒྱུ་མཚན་དེའི་དབང་གིས་༼བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་༽དང་༼སི་ཊ་སི་སྦག་གི་གྲོས་འཆར་༽གཉིས་ལ་ཁྱེད་པར་ཆེན་པོ་ཡོད།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཆ་རྐྱེན་གཙོ་བོར་བཟུང་ནས་བཀོད་པ་ཞིག་ཡིན་མོད།འོན་ཀྱང་རྒྱ་ནག་གི་ཕྱོགས་སུ་བསམ་འཆར་ཡིག་ཆ་དེ་ལ་འགྲེལ་བཤད་ལོག་པ་མང་པོ་བྱས་པ་རྒྱུ་མཚན་དུ་བཞག་ནས།དེ་ལ་ལན་བཏབས་པའི་ཚུལ་དུ་༢༠༡༠ལོའི་ཟླ་དང་པོའི་སྐབས་སུ་འགྲེལ་བཤད་ཀྱི་ཡིག་ཆ་གཉིས་པ་ཞིག་སྤྲད་པ་རེད།༢༠༠༨ལོ་སྤྲད་པའི་བསམ་འཆར་ཡིག་དང་༢༠༡༠ལ་སྤྲད་པའི་བསམ་འཆར་ཡིག་ཆའི་འགྲེལ་བཤད་ཡིག་ཆ་དེ་གཉིས་བོ་ནི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཞིབ་ཕྲའི་འགྲེལ་བརྗོད་རྒྱས་ཤོས་དང་གསར་ཤོས་དེ་རེད་ལ་ད་ལྟའི་གནས་སྐབས་རིང་དེ་འདྲའི་གནས་སྟངས་འོག་བསྡད་ཡོད།

དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བས་རླབས་ཆེན་གྱི་གྲུབ་འབྲས་འབྱུང་ཚུལ།

ཕྱི་ལོ་༡༩༧༩ལོ་ནས་དབུ་མའི་ལམ་གྱི་སྲིད་ཇུས་གཞི་རུ་བཟུང་ནས་བོད་རྒྱ་འབྲེལ་མོལ་གྱི་འགོ་བཙུགས་རྗེས་བོད་ཀྱི་སྐུ་ཚབ་དང་གཟིགས་སྐོར་སྔ་རྗེས་ཐེངས་མ་མང་པོ་འགྲོ་ཐུབ་བྱུང་ཡོད་ལ།སྐབས་དེ་དག་ཏུ་གཞིས་བྱེས་བོད་མི་རྣམས་ཤི་གསོན་ཐུག་པ་ལྟ་བའི་ཚོར་བ་བྱུང་པ་དང་དེ་དང་མཉམ་དུ་གཞིས་བཞུགས་བོད་མིའི་སྙིང་སྟོབས་བླ་མེད་དེ་ཤེས་པ་ནི་ང་ཚོས་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་དང་པོ་རེད་བསམ་ཡོད། དེ་བཞིན་དུ་གཞིས་བྱེས་བོད་མིའི་བར་གཉེན་འཕྲད་དང་ལྷག་པར་དུ་གྲྭ་བཙུན་དང་སློབ་མ་ཁྲི་ཚོ་མང་པོ་བཙན་བྱོལ་དུ་ཡོང་ནས་ཤེས་ཡོན་སློབ་སྦྱོང་གི་སྐལ་བ་ལྡན་ཡོད་པ་དང།བཙན་བྱོལ་དུ་ཡོད་པའི་རིས་མེད་ཆོས་སྡེ་ཁག་གི་བླ་ཆེན་རྣམ་པ་དང་དགེ་བཤེས་མང་པོ་བོད་ནང་དུ་ཕེབས་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་མཛད་པ་རླབས་ཆེན་གནང་ཐུབ་ཡོད་ལ།གཞིས་བཞུགས་བོད་མི་ཤེས་ལྡན་པ་གང་མང་ཞིག་གིས་བཙན་བྱོལ་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཐད་བོད་ཀྱི་རྩ་དོན་ཆེད་མངོན་གསལ་དོད་པོས་མོས་མཐུན་དང་རྒྱབ་སྐྱོར་གྱི་གོ་སྐབས་ཀྱང་བྱུང་བ་རེད།རྒྱ་རིགས་ཤེས་ཡོན་ཅན་དང་དམངས་གཙོའི་དོན་གཉེར་བ།གསར་འགོད་པ་དང་རྩོམ་པ་པོ་སོགས་དྲང་བདེན་ལ་དགའ་བ་ཧ་ཅང་མང་པོ་ཞིག་གིས་རྒྱབ་སྐྱོར་བྱས་ཏེ་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་གཞིའི་ནང་དངོས་སུ་ཆ་ཤོས་ལེན་ཐུབ་ཡོད། རྒྱ་རིགས་མཁས་པ་མང་པོས་རྒྱལ་ཕྲན་མཉམ་འབྲེལ་གྱི་ལམ་ལུགས་དེ་བོད་དོན་ཐག་གཅོད་བྱ་བྱེད་ཀྱི་ཐབས་ལམ་ཡག་ཤོས་རེད་ཟེར་པ་དང།ཏཱ་ལའི་བླ་མ་ནི་བོད་ཀྱི་དཀའ་ཉོག་སེལ་བྱེད་ཀྱི་ལྡེ་མིག་རེད་ཟེར་པ་དང།དབུ་མའི་ལམ་ནི་མི་རིགས་ཀྱི་འགལ་ཟླ་སེལ་བྱེད་ཀྱི་སྨན་མཆོག་རེད་ཟེར་བ་སོགས་དོན་སྙིང་ལྡན་པའི་རྩོམ་ཡིག་མང་པོ་ཞིག་ཐོན་ཡོད་པ་ཁྱེད་རང་ཚོས་མཐོང་ཡོད་པ་དེ་བཞིན་རེད།ལྷག་པར་དུ་ཕྱི་ལོ༢༠༠༨ཀྱི་དོན་རྐྱེན་བྱུང་རྗེས་རྒྱ་རིགས་རྩོམ་པ་པོས་བྲིས་པའི་རྩོམ་ཡིག་དགུ་བརྒྱ་ལྷག་ཅིག་ཡོད་པ་དེ་དག་ལས་མང་ཆེ་ཤོས་ཀྱིས་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་འདུག་དེ་ཙམ་གྱི་མི་ཚད་པར་༧གོང་ས་རྒྱལ་བ་རིན་པོ་ཆེས་འཇིག་རྟེན་ཡོངས་གྲགས་སུ་ཆོས་དང་ཆབ་སྲིད་ཀྱི་མཛད་འཕྲིན་རྒྱ་ཆེན་པོ་སྐྱོང་ཐུབ་པ་དང་བོད་དོན་བདེན་མཐའ་སེལ་རྒྱུའི་ཆེད་དུ་བཙན་བྱོལ་གཞུང་གིས་རྒྱལ་སྤྱིའི་ནང་དུ་འགོ་ཁྲིད་ཀྱི་ལས་འགུལ་དང་ནུས་ཤུགས་བཏོན་ཐུབ་པ་སོགས་དེའང་དབུ་མའི་ལམ་གྱི་གྲུབ་འབྲས་ཤིག་རེད།

དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བ་ནས་བཟུང་༧གོང་ས་མཆོག་ལ་ཆེ་བསྟོད་དང་གཟེངས་རྟགས།རྒྱལ་ཁབ་སོ་སོའི་དབུ་ཁྲིད་རྣམ་དང་མཇལ་འཕྲད།གྲོས་ཚོགས་སོ་སོར་གྲོས་འཆར་བཞག་པ་སོགས་འགོ་བཙུགས་ནས་ད་ལྟའི་གནས་བབ་འདི་ཆགས་ཡོད། སྲིད་གཞུང་མང་པོས་བོད་རྒྱ་འབྲེལ་མོལ་ལ་དོ་སྣང་དང་གྲུབ་འབྲས་ཡོང་ཕྱིར་མངོན་གསལ་དོད་པོས་རྒྱབ་སྐྱོར་བྱེད་བཞིན་པ།་དེ་དང་ཕྱོགས་མཚུངས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་དོགས་པ་རྣམ་རྟོགས་དང་བོད་མའི་མངོན་འདོད་གང་ཡིན་གསལ་བོར་ཤེས་ཐུབ་ཡོད།དེ་དང་མཉམ་དུ་བོད་མའི་རེ་འདོད་དེ་ནི་ཁྲིམས་མཐུན་ལུགས་མཐུན་ཞིག་དང་རྒྱ་ནག་གི་ལང་ཕྱོགས་དེ་རྒྱལ་སྤྱིའི་འགྲོ་ལུགས་དང་འགལ་ཟླ་ཡིན་པའང་གསལ་བོར་བཏོན་ཡོད།དེ་མིན་༼བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་༽ཕུལ་ཐུབ་པར་བརྟེན་ནས་མ་འོངས་པར་གྲོས་མོལ་ག་འདྲ་བྱས་ཀྱང་དེ་གྲོས་གཞི་བརྟན་པོ་ཞིག་བྱུང་ཐུབ་ཡོད་པ་སོགས་ནི་དབུ་མའི་ལམ་གྱི་ཐད་གར་གྱི་གྲུབ་འབྲས་སུ་ཡིད་ཆེས་བྱེད་ཀྱིན་ཡོད།

དམངས་གཙོའི་སྤྱི་ཚོགས་སུ་ལྟ་གྲུབ་སྣ་ཚོགས་ཡོད་པ་དེ་ནི་དམངས་གཙོའི་ལང་ཚོ་སྨིན་པའི་མཚོན་རྟགས་རེད།

དམངས་གཙོའི་སྤྱི་ཚོགས་སུ་ཆབ་སྲིད་ཀྱི་ལྟ་གྲུབ་དང་ལངས་ཕྱོགས་མི་འདྲ་བ་ག་འདྲ་མང་བ་ཡོད་པ་དེས་དམངས་གཙོ་ཚད་ལྡན་ཡིན་པ་དང་དམངས་གཙོའི་ལང་ཚོ་སྨིན་པའི་མཚོན་རྟགས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།རྒྱུ་མཚན་དེའི་དབང་གིས་ང་ཚོ་བཙན་བྱོལ་བོད་མའི་སྤྱི་ཚོགས་སུའང་ལྟ་གྲུབ་དང་ལངས་ཕྱོགས་འདྲ་མིན་སྣ་ཚོགས་ཡོད་པ་དེ་ནི་ང་ཚོའི་རྒྱན་རེད།ང་ཚོའི་ཕུན་སུམ་ཚོགས་པའི་ཡན་ལག་རེད་མ་གཏོགས་སྐྱོན་ཆ་ཞིག་ཏུ་གྱུར་མེད།འོན་ཀྱང།གནས་ཚུལ་དེ་དག་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་འདྲ་བར་བརྟེན་ནས་བོད་མིའི་ནང་ཁུལ་གྱི་ཆིག་སྒྲིལ་གྱི་ནུས་པ་དེ་ཉམས་དམུས་སུ་སོང་ཚེ་དེ་འགྲིག་གིན་མེད་པ་དང།དེར་ཚང་མས་ཐུགས་བསམ་གནང་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱིན་ཡོད།

ཆིག་སྒྲིལ་གྱི་ནུས་པ་མ་ཉམས་པ་ཞིག་ཇི་ལྟར་བྱས་ནས་ཡོང་དགོས་ཞེ་ན།ཆབ་སྲིད་ཀྱི་ལྟ་གྲུབ་ཅི་ཞིག་བཟུང་ཡང་དེ་རྒྱུ་མཚན་གཞིར་བཞག་གིས་འགྲོ་བ་དང།རྒྱུ་མཚན་ཡག་པོ་དང་དྲང་བདེན་དེ་ཚོས་མང་ཚོགས་ཀྱི་བློ་དྲངས་རྒྱུ་མ་གཏོགས།མང་ཚོགས་ལ་གནོན་ཤུགས་སྤྲད་ཐབས་དེ་ཡང་དག་པའི་ལམ་དེ་མིན།དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ན་ཡང།དང་ཐོག་རང་ཉིད་ཀྱི་དབུ་མའྀ་ལམ་གྱི་ཡོན་ཏན་ཡང་དག་པ་ཞིག་མཐོང་བའི་ཐོག་ནས་རྒྱབ་སྐྱོར་གནང་དགོས་པ་ཞིག་རེད་མ་གཏོགས།དེ་༧སྤྱི་ནོར་༧གོང་ས་མཆོག་གི་བཀའ་རེད།དེ་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་རེད།དེའི་ཕྱིར་ཁྱེད་རང་ཚོས་དེ་ཡིན་གཅིག་མིན་གཉིས་ངོས་ལེན་བྱེད་དགོས་ཞེས་ལབ་ན་དེ་ལྐུག་པའི་ཨུ་ཚུགས་ལས་མ་འདས།དེ་མིན་པའི་ལྟ་གྲུབ་འཛིན་མཁན་ཚོས་སོ་སོའི་ལྟ་གྲུབ་ཀྱི་དགོས་པ་རྒྱུ་མཚན་བཤད་དགོས་པ་ལས་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་མཁན་དེའི་རིགས་ནི་རྨོངས་དད་རེད་ཟེར་བ་དང།འགན་མ་ཁུར་བ་རེད་ཟེར་བ་དང།༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་སྤྲེལ་ལད་འཁྲབ་ཀྱིན་ཡོད་པ་སོགས་བཤད་པ་ཡིན་ན།དེའང་མང་ཚོགས་ལ་གུས་ཞབས་མ་བྱས་པ་དང་གནོན་ཤུགས་ཀྱི་བྱེད་སྟངས་ཤིག་ཏུ་རང་བཞིན་གྱིས་གྱུར་ཡོད། བོད་རང་བཙན་གྱི་སྐད་ཆ་བཤད་ན་༧གོང་ས་མཆོག་གི་བཀའ་དང་འགལ་མེད།

མི་ཁ་ཤས་ཀྱིས་འབྲེལ་བ་གཞན་ཞིག་བརྒྱབ་ནས། གལ་ཏེ་མི་གང་རུང་ཞིག་གིས་རང་བཙན་གྱི་སྐད་ཆ་བཤད་ཚེ་དེ་༧གོང་ས་རྒྱལ་བ་རིན་པོ་ཆེའི་བཀའ་དང་འགལ་བ་རེད་ཅེས་བཤད་བཞིན་པའི་སྲོལ་སོགས་དེ་དང་དེའི་རིགས་ཀྱི་དངོས་ཡོད་གནས་ཚུལ་མ་ཡིན་པའི་འབྲེལ་བཤད་བྱེད་སྟངས་དེ་མི་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བསམ་བྱུང།ད་ལྟ་ངས་འབོད་སྐུལ་ཞུས་བ་འདི་དག་ཚང་མ་འོད་སྡེར་དང་དྲ་རྒྱའི་ནང་དེ་བཞིན་ཡིག་ཐོག་སོགས་སུ་རིན་མེད་ཀྱིས་ཕྱག་སོན་ཡོང་གི་རེད་ལ་དེ་དག་ལ་ཞིབ་ཚགས་པོས་གཟིགས་རོགས་གནོངས། ད་ལྟའི་གནས་སྐབས་རིང་དབུ་མའི་ལམ་གྱི་སྲིད་བྱུས་ལས་ལྷག་པའི་སྲིད་ཇུས་ཤིག་གིས་བོད་ཀྱི་རྩ་དོན་སྒྲུབ་ནུས་པ་ཞིག་མེད་པ་དེ་ལུང་དང་རིག་པ།དཔེ་དང་གཏན་ཚིག་གི་ལམ་ནས་ང་ཚོར་ངེས་པ་རྙེད་པ་ཞིག་རེད་མ་གཏོགས།དེ་ནི་ལྐུག་པའི་ཨུ་ཚུགས་བྱས་པ་དང་བཙན་གནོན་བྱས་པ་དང།༧གོང་ས་རྒྱལ་བ་རིན་པོ་ཆེས་རེ་སྐུལ་གནང་ནས་བྱས་པ་དེ་འདྲ་རྩ་བ་ཉིད་ནས་མ་རེད་ཅེས་ངས་སྐབས་འདི་རུ་བཤད་འདོད་བྱུང།ལྷག་པར་དུ་ད་ལྟའི་གནས་སྟངས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འདས་པའི་ཟླ་བ་ཁ་ཤས་ཀྱི་ནང་དུ་ཐག་གཅོད་མང་པོ་ཞིག་བྱས་ཡོད་པ་དང༌།ཐག་གཅོད་དེ་དག་གི་ནང་དུ་ཕྱི་སྡོད་བོད་མི་དེ་ཚོ་གང་ཐུབ་ཐུབ་ཀྱིས་བློ་འགུག་དང་བསླུ་བྲིད།འཐབ་ཕྱོགས་གཅིག་གྱུར་བྱ་རྒྱུའི་ལས་གཞི་ཆེན་པོ་ཞིག་གཏན་འབབ་བྱས་ཡོད་པ་རེད།རྒྱུ་མཚན་དེ་དག་ལ་གཞིགས་ནས་བཙོན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་རྒྱ་ནག་དང་འབྲེལ་བ་གནང་ཕྱོགས་ཐད་གཟབ་གཟབ་དང་ཉམས་འཇོག་བྱེད་དགོས་པ་དེའང་གལ་ཆེན་པོ་རེད།ཨ་རིའི་ནང་གི་བོད་མི་ཚོའི་ཁྲོད་དེ་འདྲའི་གནས་ཚུལ་ཡོད་པ་ད་བར་དུ་གོ་མ་སོང་མོད། འོན་ཀྱང་ཡོ་རབ་རྒྱལ་ཁབ་ཁག་གི་ནང་དུ་བོད་མི་ཚོས་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་སྟངས་ཚད་ལྡན་མ་བྱུང་བའི་དབང་གིས་ཐལ་དྲགས་པའི་གནས་ཚུལ་མང་པོ་བྱུང་ཡོད།ང་ཚོས་རྒྱ་ནག་མི་དམངས་ལ་འབྲེལ་བ་བྱེད་ཕྱོགས་དང་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་ཕྱོགས་གཉིས་མི་འདྲ་བའི་ཐབས་ལམ་གཉིས་དགོས་པ་དེ་གལ་ཆེན་རེད།

རྒྱ་ནག་མང་ཚོགས་དང་འབྲེལ་བ་བྱེད་ཕྱོགས་ཐད་༧གོང་ས་རྒྱལ་བ་རིན་པོ་ཆེས་བཀའ་སློབ་ཇི་བཞིན་ང་ཚོ་མི་རེ་ངོ་རེའི་ངོས་ནས་རྒྱ་ནག་མི་མང་གི་བློ་འགུག་ཐུབ་པ་དང་མཉམ་དུ་གནས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།ང་ཚོ་འཐབ་རྩོད་བྱ་ཡུལ་དེ་རྒྱ་ནག་མི་དམངས་དེ་སྔོན་མིན་ལ་ད་ལྟ་མིན།མ་འོངས་པར་དེ་བས་ཀྱང་མིན།ཡིན་ན་ཡང༌།རྒྱ་ནག་གཞུང་དང་མཉམ་དུ་བཙན་བྱོལ་སྤྱི་ཚོགས་ཀྱིས་འབྲེལ་བ་བྱེད་སྟངས་དེ་ཚད་གཞི་དང༌།ལམ་དང་ལུགས་སྲོལ་དང་འཚམ་པ།རྒྱ་མིའི་གཡོ་སྒྱུའི་འོག་མི་ཚུད་རྒྱུ་དེ་ནི་གལ་ཆེན་ནང་གི་འགངས་ཆེན་དུ་རྩི་དགོས།ལྷག་པར་དུ་བོད་མི་དམངས་ཀྱི་སྤྱི་འགྲོས་ལ་མི་གནོད་པ་ཞིག་བྱེད་རྒྱུ་དེ་ཡང་གལ་ཆེ་རེད་ལ་དེ་ཚང་མས་ཐུགས་འཇགས་རོགས་གནོངས། ཕྱི་རྒྱལ་རྒྱལ་ཁབ་སོ་སོའི་ཡུལ་མིའི་ཐོབ་ཐང་ཡོད་པ་དེ་ཚོས་བོད་ནང་དུ་ཤེས་ཡོན་དང་འཕྲོད་བསྟེན་སོགས་དེ་འདྲའི་འཛུགས་སྐྲུན་གྱི་ལས་དོན་རིགས་སྒྲུབ་ཐུབ་མཁན་དང་གནང་བཞིན་པ་ཡང་མང་པོ་ཡོད་པ་རེད།དེ་འདྲའི་རིགས་ནི་ལས་དོན་གལ་ཆེན་ཡིན་ཕྱིར་རྒྱུན་འཁྱོངས་དང་མུ་མཐུན་དུ་གནང་རྒྱུ་དང་བར་ཆད་མི་ཡོང་བར་བའི་ཐབས་ཤེས་འཐེན་དགོས་པ་གལ་ཆེ་རེད།

དེ་མིན་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་མཉམ་དུ་གནས་མེད་བའི་བོད་པའི་གཞོན་སྐྱེས་དེ་ཚོས་སོ་སོའི་བོད་པའི་སྐད་ཡིག་དང་ཕ་སྐད་ཀྱི་ཐད་རྒྱུས་ལུས་ཐེབས་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་དང༌།ཉེན་ཁ་དེའི་ཆེད་དུ་བོད་མིའི་སྒྲིག་འཛུགས་ཡོངས་སུ་རྫོགས་པའི་སྐད་ཡིག་སློབ་སྦྱོང་གི་ཐབས་ཤེས་གནང་དང་གནང་བཞིན་པ་རེད། དེ་ཧ་ཅང་ཡག་པོ་རེད།མ་འོངས་པར་ཡང་མུ་མཐུད་ནས་དེའི་ཐད་ཐུགས་ཁུར་གནང་རྒྱུ་དང༌།ལྷག་པར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེས་གསུང་པ་ནང་བཞིན་སོ་སོའི་ཁྱིམ་ཚང་ནང་དུ་བོད་སྐད་བཤད་རྒྱུ་དེ་གལ་ཆེན་རེད་ཅེས་ངས་འདི་ནས་བསྐྱར་དུ་རེ་སྐུལ་ཞུས་འདོད་བྱུང་སོང།ལྷག་པར་དུ་གཞོན་སྐྱེས་ཚོའི་ཀུན་སྤྱོད་ཆུད་ཟོས་སུ་མི་འགྲོ་བའི་ཆེད་དུའང་ངེས་པར་དོ་སྣང་བྱེད་དགོས།

དོལ་རྒྱལ་རྒྱ་ནག་གཞུང་གིས་བེད་སྤྱོད་མང་ཤོས་དང་མཐོ་ཤོས་བཏང་དང་གཏོང་བཞིན་ཡོད།

དེ་མིན་ནམ་རྒྱུན་ང་ཚོའི་བསམ་བློའི་ནང་མི་བདེ་ཡོད་པ་གཅིག་ནི་དོལ་རྒྱལ་རྗེས་མཇུག་པ་དེ་ཚོ་རེད།དོལ་རྒྱལ་རྗེས་མཇུག་པ་དེ་ཚོ་སྤྱིར་བཏང་ཕྱིའི་མཐོང་ཚུལ་དུ་བར་སྐབས་ཤིག་ཏུ་དེ་ཙམ་གྱི་མངོན་གསལ་དོད་པོ་མིན་པ་འདྲ་བོ་གྱུར་ཡོད་མོད། འོན་ཀྱང། ཁོ་རང་ཚོའི་ལངས་ཕྱོགས་ལ་འགྱུར་བ་མེད་པར་བསྡད་ཡོད།ལྷག་པར་དུ་རྒྱ་ནག་གཞུང་གི་ཆབ་སྲིད་དབང་འཛིན་པ་ཚོས་དོལ་རྒྱལ་རྗེས་འབྲང་པ་དེ་ཚོ་བེད་སྤྱོད་མང་ཤོས་དང་མཐོ་ཤོས་གཏོང་རྒྱུའི་འབད་བརྩོན་བྱས་དང་བྱེད་བཞིན་པ་དེ་གསལ་བོ་རེད། གནད་དོན་འདིའི་ཐད་དེ་སྔ་ཡག་པོ་བྱུང་ཡོད་ལ་མ་འོངས་པར་ཡང་མུ་མཐུད་ནས་ཐུགས་ཚབ་གནང་རོགས། ལྷག་པར་དུ་ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་ནས་ཐག་རིང་པོ་བྱས་ནས་འདུག་རྒྱུ་གལ་ཆེ་རེད།

བོད་མི་ཚོ་བདེ་མོ་བྱོས།

དེ་ནས་དེ་རིང་འདི་གར་ཕེབས་མཁན་ཚོ་དང།དེ་མིན་ཁྱེད་རང་ཚོ་བརྒྱུད་ནས་འདི་གར་མ་ཕེབས་པ་རྣམས་ལ་བོད་གཞུང་བཀའ་ཤག་སྐབས་བཅུ་གསུམ་པའི་ངོས་ནས་ཐུགས་རྗེ་ཆེ་ཟེར་རྒྱུ་དང༌།འདས་པའི་ལོ་དགུའི་རིང་ལ་ཁྱེད་རང་ཚོའི་མཐུན་སྦྱོར་དང་རྒྱབ་སྐྱོར་ལ་བརྟེན་ནས་བཙན་བྱོལ་གཞུང་གི་ལས་དོན་མང་པོ་ཞིག་ལ་འཐུས་ཤོར་མེད་ཟེར་ཤོར་དུ་ཁུངས་འཁྱོལ་པོ་ཙམ་བྱུང་བ་དེ་མི་དམངས་ཀྱི་རྒྱབ་སྐྱོར་བ་བརྟེན་ནས་བྱུང་བ་རེད།དེའི་ཕྱིར་མི་མང་ལ་ཐུགས་རྗེ་ཆེ་ཞུས་བ་ཡིན། གཅིག་བྱས་ན་ད་ཐེངས་འདི་མཐའ་མ་དེ་ཡིན་སྲིད་པས་སྐབས་འདི་དང་བསྟུན་ནས་ཚང་མར་བདེ་མོ་བཞག་ནི་ཡིན།དེ་ནས་མ་འོངས་པར་ཁྱེད་རང་ཚོས་དམངས་གཙོའི་ཆ་ཤས་བླངས་ནས་མི་རིགས་ཀྱི་རྩ་དོན་དེ་སོ་སོའི་འོས་འདེབས་བྱས་པའི་སྲིད་གཞུང་དེའི་ངོས་ནས་ཡག་པོ་ཞིག་བསྐྱོང་ཐུབ་པའི་དམངས་ཚོགས་ཀྱི་སྟངས་འཛིན་འཐུས་ཤོར་མེད་པ་ཞིག་ཡོང་ཐུབ་པའི་རེ་བ་ཞུས་བ་ཡིན།

ཐུགས་རྗེ་ཆེ།