17
Mon, Jun
18 New Articles

ང་མི་ཚོགས་ཀྱི་ཁྲོད་དུ་ཡོད་ཀྱང། ཇི་འདྲའི་ཁེར་རྐྱང་ཞིག ༣

འཕྲོད་བསྟེན་ཤེས་བྱ།
Typography

རང་ལོ་༢༦ལ་སོན་ཞིང་མིག་ཟུང་ལོང་པར་གྱུར་པའི་བུ་མོ་མེ་གྷན་པུལ(Megan Paul)ཡང་བུད་མེད་མད་ཤེལ་ལེ་ལོ་ཌེ(Michelle Lloyd)དང་། དམག་ཟུར་ཅ་ཁུ་ཁིན(Jake King)གཉིས་དང་འདྲ་བར། གཞན་ལ་འབྲེལ་འདྲིས་བྱེད་མཁས་ཤིང་ལས་ལ་བརྩོན་མཁན་ཞིག་རེད། ཁོ་མོས་འདས་དོན་ལ་དྲན་གསོ་བྱས་ཏེ་འདི་ལྟར་བརྗོད་དོན། སྔོན་ཆད་སློབ་གྲྭའི་ནང་དུ་ཡོད་སྐབས། ཁོ་མོ་ནི་དབང་བོ་སྐྱོན་ཅན་ཞིག་ཡིན་པ་དང་། དེའི་ཐད་ལ་མི་རྣམས་ལ་ལྟ་ཚུལ་ངེས་ཅན་ཞིག་ཡོད་སྟབས། ཁེར་རྐྱང་གི་ཚོར་བ་བྱུང་མྱོང་ཡོད་སྐོར་བརྗོད།

བུ་མོ་མེ་གྷན་པུལ་གྱིས་མུ་མཐུད་ནས་འདི་ལྟར་བརྗོད་རྒྱུར། ང་རང་འགྲིམས་མྱོང་བའི་མཐོ་འབྲིང་གི་སློབ་གྲྭ་དེ་ནི་མིང་གྲགས་ཡོད་པ་ཞིག་ཡིན། ཐོག་མའི་ལོ་ཤས་ཀྱི་ནང་དུ་གནས་སྟངས་ཡོད་ཚད་ཧ་ཅང་བཟང་ཞིང་། ལང་ཚོ་དར་ལ་བབས་སྐབས། བུ་མོ་རྣམས་ཀྱིས་མཛེས་བཟོ་བྱེད་པ་དང་། དཔེ་གསར་དུས་དེབ་དང་ཕོ་གསར་ཚོའི་གཟུགས་སྟོབས་སོགས་ཀྱི་ཐད་ལ་དོ་སྣང་བྱེད་པ་མང་དུ་འགྲོ་སོང་། འདི་དག་ཐམས་ཅད་ནི་མིག་ཤེས་ཀྱི་སྤྱོད་ཡུལ་ཞིག་རེད། ཡིན་ནའང་། ངའི་དགའ་ཕྱོགས་ནི་ཁོ་མོ་ཚོའི་དགའ་ཕྱོགས་དང་མི་འདྲ་ཞིང་། ང་རང་དཔེ་ཆ་དང་སྲོག་ཆགས་ལ་དགའ་བོ་ཡོད། ང་རང་གིས་ཕོ་སུ་ཞིག་གི་རྣམ་པ་ཡག་པོ་ཡོད་མེད་ཀྱི་ཐད་ནས་ཁ་བརྡ་བྱེད་རྒྱུ་མི་དགའ། དེར་བརྟེན། ང་ཚོའི་འབྲེལ་བ་ནི་རང་བཞིན་གྱིས་རྒྱང་ཐག་རིང་དུ་འགྲོ་སོང་། ཞེས་བཤད།

འཛིན་གྲྭ་འཚོགས་པའི་སྐབས་སུ། སློབ་མ་རྣམས་རུ་ཁག་ཏུ་བགོས་ཏེ་སློབ་སྦྱོང་བྱེད་ཀྱི་ཡོད། དེ་ནས་སློབ་མ་གཞན་པ་ཚོས་བུ་མོ་མེ་གྷན་པུལ(Megan Paul)དང་ལྷན་དུ་རུ་ཁག་སྒྲིག་འདོད་བྱེད་ཀྱི་མེད། དེར་བརྟེན། དགེ་རྒན་གྱིས་ཁོ་མོར་རོགས་བྱེད་ཀྱི་ཡོད། མཚམས་རེར། ཁོ་མོས་དགེ་རྒན་གྱིས་མིག་དཔེ་ངན་པ་ཞིག་བཞག་ཡོད་པར་ཡང་འདོད་ཀྱི་ཡོད།

ཁོ་མོས་མུ་མཐུད་ནས་བཤད་རྒྱུར། ང་རང་ལ་རོགས་རམ་མཁོ་བའི་སྐབས་སུ་ལག་པ་ཡར་འགྱོག་གི་ཡོད་མོད། འོན་ཀྱང་། དགེ་རྒན་གྱིས་ཁ་ཡ་བྱེད་ཀྱི་མི་འདུག ཡང་ན་ང་རང་ལ་འོས་འཚམ་མིན་པའི་སྐྱོན་བརྗོད་བྱེད་ཡོང་། ལོ་ཚོད་དེའི་སྐབས་སུ། སློབ་མ་རྣམས་ཀྱིས་མི་རྒན་པར་མིག་དཔེ་བལྟས་ཏེ་སློབ་སྦྱོང་མང་པོ་ཞིག་བྱེད་ཀྱི་ཡོད། ཁོ་ཚོས་ཀྱང་དགེ་རྒན་གྱིས་ཇི་ལྟར་ང་ལ་འབྲེལ་འདྲིས་བྱེད་དགོས་པ་ཤེས་ཀྱི་མེད་པ་དེ་ཤེས་ཀྱི་འདུག སྐབས་དེར། ངས་རང་ཉིད་ཀྱི་གནས་སྟངས་ནི་ཧ་ཅང་སྐྱོ་བོ་ཞིག་ཡིན་པར་ཚོར་བྱུང་། ངའི་སེམས་ཁམས་ཀྱི་བདེ་ཐང་ཡང་ཧ་ཅང་ཞན་པར་གྱུར་བྱུང་བས། རང་ཉིད་ཤི་དགོས་ཀྱང་སློབ་གྲྭར་འགྲོ་འདོད་མ་སྐྱེས། ལོ་རིམ་བཅུ་གཅིག་གི་སྐབས་སུ། ཁོ་ཚོས་ང་རང་གིས་ཁྱིམ་ནས་སློབ་སྦྱོང་བྱེད་ཆོག་པར་མོས་མཐུན་གནང་། ཁྱིམ་ནས་བསྡད་ན་སློབ་གྲྭའི་ནང་དུ་ཡོད་པ་དང་འདྲ་བའི་གནོན་ཤུགས་དེ་འདྲ་མི་འདུག་ལ། སློབ་སྦྱོང་བྱེད་ཐབས་ཀྱང་མང་པོ་ཞིག་ཤེས་ཀྱི་འདུག ཅེས་བཤད།

ད་ལྟ། ཁོ་མོས་འབུམ་རམས་པའི་སློབ་གཉེར་བྱེད་ཀྱི་ཡོད་པར་མ་ཟད། འཚོ་བའི་མཐུན་རྐྱེན་ཡང་ཧ་ཅང་བཟང་། འོན་ཀྱང་། ཁོ་མོའི་མིག་གི་ན་ཚ་དེ་ནི་ཁོ་མོའི་ཁེར་རྐྱང་གི་ཚོར་བ་དེའི་རྒྱུ་མཚན་གཙོ་བོ་དེ་རེད།

ཁོ་མོས་མུ་མཐུད་ནས་འདི་ལྟར་བཤད་རྒྱུར། མིག་ལོང་བ་ཞིག་ཡིན་པའི་ཆ་ནས། ང་ཚོས་མིག་བརྡ་དང་ལག་བརྡ་སོགས་ལ་བརྟེན་ནས་གཞན་དང་འབྲེལ་འདྲིས་བྱེད་མི་ཐུབ། དཔེར་ན། མིག་གི་དབང་པོ་ཡག་པོ་ཡོད་མཁན་གྱི་མི་ཞིག་ཁང་པ་ཞིག་གི་ནང་དུ་འགྲོ་བའི་ཆ་བཞག་ན། ཁོས་འཛུམ་དང་བཅས་ཏེ་མི་གཞན་ལ་གོ་བརྡ་སྤྲོད་ཐུབ་ཀྱང་། ང་ཚོས་ཁང་པ་ན་མི་ཡོད་མེད་ཀྱང་མི་ཤེས། དེ་བས། ཁོ་ཚོས་ང་ལ་ཡ་ལན་ཅི་ཡང་མེད་པར་འདོད་ཀྱི་ཡོད། དེ་ནས། མི་གཞན་གྱིས་ཤབ་ཤུབ་ཅིག་བཤད་དུས། ང་རང་གིས་ཧ་ཅང་མི་དེ་ཚོ་དང་ལྷན་དུ་ཁ་བརྡ་བྱེད་ན་འདོད་ཀྱི་འདུག ཡིན་ན་ཡང་། ངས་ཁོ་ཚོ་ཚུར་རང་ཉིད་ཀྱི་གམ་དུ་ཡོང་བར་སྒུག་དགོས་ཀྱི་ཡོད། ངའི་གྲོགས་པོ་ཚོ་ཧ་ཅང་དམིགས་བསལ་ཞིག་ཡིན། ཁོ་ཚོ་ནི་ཞུམ་ཆོག་ཆོག་དེ་འདྲ་ཞིག་མིན། ངའི་ཁོ་ཚོའི་བཀའ་དྲིན་ཚོར་གྱི་ཡོད། ང་ལ་གྲོགས་པོ་མང་པོ་ཞིག་མེད། ཅེས་བཤད།

བུ་མོ་མེ་གྷན་པུལ(Megan Paul)གྱིས་ཐོག་མར་ཁྱི་ལ་བདག་པོ་བྱེད་སྐབས། ཁོ་མོས་མི་མང་པོ་ཞིག་ཁྱི་ལ་དགའ་བ་ཤེས། དེ་ནས་ཁོ་མོས་ཁྱི་དེར་བརྟེན་ནས་མི་གཞན་དང་འབྲེལ་འདྲིས་བྱེད་ཐུབ་མིན་དེ་ཤེས་འདོད་སྐྱེས། ཡིན་ན་ཡང་། ཁོ་མོའི་རེ་བ་ལྟར་གྱི་དོན་དག་དེ་མ་འགྲུབ། དེའི་ཐད་ནས་ཁོ་མོས་འདི་ལྟར་བཤད། མིག་ལོང་བ་ཅན་གྱི་ཁྱིའི་བདག་པོ་ཞིག་ལ་མཚོན་ན། དེ་ནི་མ་གཞི་ནས་ཁེར་རྐྱང་ཞིག་རེད། དེ་ནི་མི་ཚོགས་ཀྱི་ཁྲོད་དུ་གནས་པའི་ཁེར་རྐྱང་ཞིག་རེད། མི་ཁ་ཤས་ཁྱི་ལ་བྱིལ་བྱིལ་བྱེད་དུ་ཡོང་ཞིང་། སྐབས་དེར་ང་རང་གིས་མི་དེ་དང་ལྷན་དུ་ཁ་བརྡ་བྱེད་ན་འདོད་མོད། འོན་ཀྱང་། མི་དེ་མགྱོགས་པོར་བུད་འགྲོངས་རང་ཉིད་ནི་དེ་འདྲའི་ཡིད་དུ་འོང་བ་ཞིག་མིན་པ་ཤེས་ཀྱི་ཡོད་ན་ཡང་། ང་རང་གིས་མི་གཞན་དང་ལྷན་དུ་འབྲེལ་འདྲིས་བྱས་ཏེ་མང་པོ་ཞིག་ཤེས་ན་འདོད་ཀྱི་འདུག ཅེས་བཤད།

ངས་བུ་མོ་མེ་གྷན་པུལ(Megan Paul)ལ་སྔོན་ཆད་འདི་ལྟར་དྲིས་མྱོང་ཡོད། རང་ཉིད་ཀྱི་ཁེར་རྐྱང་གི་སྡུག་བསྔལ་དེ་ཉུང་དུ་གཏོང་ཆེད། སྤྲོ་ཚོགས་དེ་འདྲར་ཞུགས་པར་འབད་རྩོལ་བྱས་ཡོད་དམ་ཞེས་དྲིས་པ་ན། ཁོ་མོས་སྤྲོ་ཚོགས་དེ་འདྲར་ཞུགས་འདོད་ཀྱང་། ཞུགས་རྒྱུ་ཧ་ཅང་དཀའ་མོ་ཞིག་རེད། ཅེས་བཤད་སོང་། དེའི་ཐད་ནས་ཁོ་མོས་འདི་ལྟར་བརྗོད་དོན། སྤྲོ་ཚོགས་སུ་ཞུགས་སྐབས་ཧ་ཅང་སྟབས་མི་བདེ་བ་ཞིག་དང་དོགས་མི་བདེ་བ་ཞིག་རེད། རྒྱུ་མཚན་ནི། མི་ཚོས་ང་དང་ཇི་ལྟར་འབྲེལ་འདྲིས་བྱེད་དགོས་པ་ཤེས་ཀྱི་མི་འདུག ཉེ་ཆར། ང་དང་ངའི་ཁྱི་གཉིས་ཀ་གོམ་འགྲོས་ཚོགས་པ་ཞིག་གི་ནང་དུ་ཞུགས་རྩིས་བྱས་པ་ཡིན། འོན་ཀྱང། ཁོ་ཚོས་ང་ལ་ང་རང་དལ་མོའི་གོམ་འགྲོས་རུ་ཁག་ཅིག་ཏུ་ཞུགས་ན་འོས་པའི་ལན་ཞིག་བསྐུར་སོང་། རྒྱུ་མཚན་ནི་ང་རང་ཅུང་མགྱོགས་པོར་འགྲོ་བཞིན་ཡོད་པས་ཡིན། དེར་བརྟེན། ང་རང་རུ་ཁག་ཅིག་ཏུ་ཞུགས་པ་ཡིན་ན། ང་རང་གྲུ་ཟུར་ཞིག་ནས་ལྷག་སྟེ་མི་རྣམས་ངའི་མཐའ་ལ་སྐོར་བ་བྱེད་ཀྱི་རེད། འོན་ཀྱང་། ང་རང་དེ་འདྲའི་རུ་ཁག་ཏུ་མང་པོ་ཞུགས་ཚེ། གནས་སྟངས་ཇེ་བཟང་དུ་འགྲོ་ངེས་རེད།

དེ་ནས་བུ་མོ་མེ་གྷན་པུལ(Megan Paul)གྱིས་རིམ་གྱིས་རང་ཉིད་ཀྱི་དུས་ཚོད་ལག་ཁྱེར་ཁ་པར་གྱི་སྟེང་དུ་སྤྱད་དེ་རང་ཉིད་ཀྱི་དཀའ་ངལ་བསལ་ཐབས་བྱས། ཁོ་མོས་བཤད་རྒྱུར། ཁྱོད་རང་ནར་སོན་པ་དང་བསྟུན་ནས། ཐབས་ཤེས་མང་པོ་ཞིག་ཤེས་ཡོང་། གལ་ཏེ། ཁྱོད་རང་སེམས་ཁ་མི་སྐྱིད་དུས། མི་གཞན་ལ་འཕྲིན་ཐུང་བཞག་སྟེ། གཞན་ལ་རང་ཉིད་ཀྱི་སྡུག་བསྔལ་བརྗོད་ཆོག དེ་ཡང་རང་ཉིད་ཀྱིས་དང་དུ་བླངས་པའི་སྒོ་ནས་གཞན་དང་འབྲེལ་འདྲིས་བྱེད་ཆོག དེ་ལྟར་རང་གི་སྡུག་བསྔལ་དེ་མེད་པར་འགྱུར་གྱི་ཡོད། གཞོན་སྐྱེས་མང་པོ་ཞིག་ལ་ཁེར་རྐྱང་གི་སྡུག་བསྔལ་འབྱུང་གི་ཡོད་སྟབས། བུ་མོ་མེ་གྷན་པུལ(Megan Paul)གྱིས་དྲ་ཐོག་ནས་ཟིན་བྲིས་ཉར་ཏེ། དབང་པོ་སྐྱོན་ཅན་གྱི་སློབ་མ་ཚོར་བློ་སྒོ་འབྱེད་པའི་རོགས་བྱེད་ཐུབ་ཀྱི་ཡོད། དཔེར་ན། རང་སེམས་རང་གིས་ཇི་ལྟར་གསོ་ཚུལ་དང་། རང་འགུལ་གྱི་སྒོ་ནས་གཞན་ལ་ཇི་ལྟར་འབྲེལ་བ་བྱེད་ཚུལ་བཅས་ཀྱི་སྐོར་ཁོ་མོས་ཟིན་བྲིས་སུ་བཏབས་ཡོད།

དེའི་ཐད་ལ་ཁོ་མོས་འདི་ལྟར་བརྗོད་རྒྱུར། སློབ་གྲྭར་ཡོད་སྐབས་ང་རང་ལ་སུན་སྣང་དང་ཉོབ་སྣང་སྐྱེ་མྱོང་ཞིང་། མི་མང་པོ་ཞིག་ངའི་གམ་དུ་ཡོང་ནའང་ང་ལ་ཁ་བརྡ་མི་བྱེད། ཁ་བརྡ་ཞིག་བྱས་པའི་དབང་དུ་བཏང་ཡང་། བཀའ་དྲིན་ཆེ། བཀྲ་ཤིས་བདེ་ལེགས། ཟེར་བ་ཙམ་ལས་གཞན་ཅང་བཤད་ཀྱི་མེད། སྐབས་དེར། ངས་རང་འགུལ་གྱི་སྒོ་ནས་མི་གཞན་ལ་ཁ་བརྡ་བྱེད་ཐུབ་ཀྱི་མེད། རྒྱུ་མཚན་ནི་ངས་ཁོ་ཚོ་གང་དུ་ཡོད་མེད་ཤེས་ཀྱི་མེད་པས་ཡིན། དེར་བརྟེན། དེ་ནི་རང་གཅུན་རང་སྡོམ་གྱི་ཚོར་སྣང་ཞིག་རེད། ངས་རང་ཉིད་གཞན་ལ་དགོས་མཁོ་ཆེ་བ་ཞིག་ཡིན་པ་ཚོར་བའི་སྐབས་སུ། སེམས་པ་ཧ་ཅང་སྐྱིད་པོ་འདུག ཅེས་བཤད།

བུ་མོ་མེ་གྷན་པུལ(Megan Paul)གྱི་ཐབས་ལམ་གཞན་ཞིག་ནི། དགེ་རྒན་དང་ལྷན་དུ་ཁ་བརྡ་བྱེད་པ་དེ་རེད། ཁོ་མོས་དགེ་རྒན་ནི་དགེ་རྒན་ཙམ་ཞིག་མིན་པར་མི་སྤྱིར་བཏང་བ་ཞིག་ཏུའང་བརྩི་བཞིན་འདུག

ཁོ་མོས་བཤད་རྒྱུར། ལོ་ན་བཅུ་ཡས་མས་ལ་སོན་པའི་བྱིས་པ་ཞིག་ཡིན་ནའང་། ཁེར་རྐྱང་གི་སྣང་བ་ཞིག་བྱུང་སྐབས། ཁ་བརྡ་བྱེད་སའི་མི་དེ་ནི་སུ་ཞིག་ཡིན་མིན་ལ་སྣང་དོགས་མི་བྱེད། སྔོན་ཆད། ང་རང་གིས་དགེ་རྒན་ཞིག་དང་ཁ་བརྡ་བྱས་མྱོང་ཞིང་། སྐབས་དེར་ཁོ་མོས་རང་གི་ཞི་མི་ཡིས་ཞིམ་ཕྲུག་ཅིག་སྐྱེ་ཡོད་སྐོར་བཤད་བྱུང་། སྐབས་དེ་ནི་ཁེར་རྐྱང་གི་སྣང་བ་ཅང་མེད་པའི་དུས་ཚོད་ཅིག་ཡིན། ཞེས་བཤད།

བུ་མོ་མེ་གྷན་པུལ(Megan Paul)བཤད་ཀྱིས་རང་ཉིད་ལོང་བ་ཞིག་ཡིན་སྟབས། མི་གཞན་ལ་འབྲེལ་འདྲིས་ཡག་པོ་བྱེད་ཀྱི་ཡོད་པའི་སྐོར་ནས་འདི་ལྟར་བཤད། མིག་བདེ་ཐང་ཡིན་པའི་མི་རྣམས་རྟག་པར་མིའི་ཕྱི་ཚུལ་ལ་བལྟས་ནས་མི་དེའི་རིན་ཐང་ཐག་གཅོད་བྱེད། འོན་ཀྱང་། ང་རང་གིས་དེ་ལྟར་བྱེད་ཀྱི་མེད། རྒྱུ་མཚན་ནི་ང་རང་གིས་མིའི་ཕྱི་ཚུལ་མཐོང་ཐུབ་ཀྱི་མེད། ཅེས་བཤད།

གཞན་ཡང་། ཁེར་རྐྱང་ཡང་མི་གཞན་ལ་འབྲེལ་བ་ལེགས་པར་བྱེད་པའི་རྒྱུ་མཚན་ཞིག་རེད་འདུག ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། ནམ་རྒྱུན་སྤྱི་ཚོགས་ཀྱི་ཁྲོད་ན་ཁེར་རྐྱང་དུ་གྱུར་པའི་མི་རྣམས་ཀྱི་གཞན་ལ་བཅངས་པའི་གདུང་སེམས་མཉམ་སྐྱེད་ཀྱི་བློ་ནི་ཤུགས་ཆེན་པོ་ཡོད་པ་དང་། མི་ཞིག་གཞན་གྱིས་དང་ལེན་མ་བྱས་པའི་གནས་སྐབས་སུ་ཁོ་ཚོས་འཕྲལ་དུ་མི་དེའི་དཀའ་ངལ་ཚོར་ཐུབ་ཀྱི་འདུག ཡང་གཅིག་བཤད་ན། དེ་ནི་ཁོ་ཚོས་དངོས་སུ་མྱངས་མྱོང་བའི་འཚོ་བ་ཞིག་ཡིན་པས་ཡིན་སྲིད། ཡིན་ནའང་། གཞན་ལ་ཡིད་ཆེས་བྱེད་པའི་ཐད་ནས། ཞིབ་འཇུག་བྱས་པ་ལྟར་ན། ཁེར་རྐྱང་གི་སྡུག་བསྔལ་ཡོད་པའི་མི་རྣམས་ཀྱིས་མི་གཞན་གྱི་སྡུག་བསྔལ་ཚོེར་སླ་ཡང་། གཞན་ལ་ཡིད་ཆེས་བྱེད་པའི་བློ་ནི་ཧ་ཅང་དམའ་མོ་ཞིག་ལས་མེད་པར་མ་ཟད། སེམས་ཁྲལ་དང་ཞེ་དོགས་ཀྱི་བློ་ཆེན་པོ་ཡོད་སྐོར་བརྗོད། གནད་དོན་འདི་ལ་བརྟེན་ནས་ཁོ་ཚོས་སྤྱི་ཚོགས་སྟེང་ནས་གྲོགས་པོ་མང་པོ་ཞིག་སྒྲིག་ཐུབ་ཀྱི་མི་འདུག

ཡང་བུད་མེད་མད་ཤེལ་ལེ་ལོ་ཌེ(Michelle Lloyd)ཡིས་གནད་དོན་འདིའི་ཐད་ལ་འདི་ལྟར་འགྲེལ་བརྗོད་གནང་དོན། མཚམས་རེར་མི་གཞན་གྱིས་ང་རང་ལ་གདུང་སེམས་མཉམ་སྐྱེད་བྱས་ཏེ། ང་རང་དང་ལྷན་དུ་སྡོད་ཀྱི་ཡོད་པར་འདོད་མོད། འོན་ཀྱང་། མི་དེར་ཡིད་ཆེས་བློས་འགེལ་བྱེད་ཐུབ་མིན་དེ་ནི་ཧ་ཅང་དཀའ་ངལ་ཞིག་རེད་ལ། དེས་སེམས་སུ་དོགས་པ་དང་སེམས་ཁྲལ་སློང་གི་འདུག ཁྱོད་ཀྱིས་ཁེར་རྐྱང་གི་སྡུག་བསྔལ་ཚོར་སྐབས། ཁྱོད་ཀྱིས་མི་གཞན་གྱི་ཀུན་སློང་ལ་དོགས་ཟོན་བྱེད་ཀྱི་ཡོད། མི་གཞན་དེ་ཁྱོད་རང་ལྷན་དུ་སྡོད་འདོད་བྱེད་པ་དང་། ཡང་ན། མི་གཞན་དེ་ཁྱོད་རང་དང་ལྷན་དུ་སྡོད་པར་དོགས་མ་བདེ་བའི་དབང་གིས། ཁྱོད་ཀྱིས་སེམས་སུ་མི་དང་རང་ཉིད་ཀྱི་འབྲེལ་བ་དེར་དོགས་པ་དང་ཡིད་མ་བདེ་བྱེད་ཀྱི་ཡོད་པ་ཚོར་ཡོང་། ཞེས་བཤད། མི་ཁ་ཤས་ཀྱི་བསམ་ཚུལ་ལྟར་ན། ཁེར་རྐྱང་གི་སྡུག་བསྔལ་ཡོད་པའི་མི་རྣམས་ཀྱིས་སྤྱི་ཚོགས་འབྲེལ་འདྲིས་ཀྱི་བྱེད་ཐབས་སྦྱངས་ཏེ་གཞན་དང་མུ་མཐུད་ནས་འབྲེལ་བ་འཛིན་དགོས་ཚུལ་བཤད་ཀྱི་ཡོད། འོན་ཀྱང་། ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་ཚོགས་འབྲེལ་འདྲིས་ཀྱི་བྱེད་ཐབས་ཐད་ནས། ཁེར་རྐྱང་གི་སྣང་བ་ཡོད་པའི་མི་དང་རྒྱུན་ལྡན་གྱི་མི་གཉིས་ཀྱི་བར་ན་ཁྱད་པར་ཅང་མི་འདུག དེར་བརྟེན། ཁེར་རྐྱང་གི་སྡུག་བསྔལ་ཡོད་པའི་མི་རྣམས་ལ་མི་རྒྱུས་མེད་དང་ཇི་ལྟར་འབྲེལ་འདྲིས་བྱེད་དགོས་པའི་བྱེད་ཐབས་ཤིག་དགོས་ཀྱི་འདུག

བུད་མེད་མད་ཤེལ་ལེ་ལོ་ཌེ(Michelle Lloyd)དང་། དམག་ཟུར་ཅ་ཁུ་ཁིན(Jake King)གཉིས་ལ་མཚོན་ལ། གཟའ་མཇུག་ནི་ཆེས་འཆོལ་དཀའ་བའི་དུས་ཚོད་ཅིག་རེད་འདུག བུད་མེད་མད་ཤེལ་ལེ་ལོ་ཌེ་ལ་མཚོན་ན། ཕྱི་སོང་ལ་ཟ་མ་ཟ་དགོས་ཚེ། རང་ཉིད་གཅིག་པུར་སོང་ནས་ཟ་དགོས་ཀྱི་འདུག་ ཁོ་མོས་དེའི་ཐད་ནས་འདི་ལྟར་བརྗོད་རྒྱུར། ཁྱོད་ཀྱིས་དེ་ལྟར་བྱེད་ན་ཆོག་ཀྱང་། དེ་ནི་ཧ་ཅང་སུན་སྣང་ལྡན་པ་ཞིག་རེད། རྒྱུ་མཚན་ནི་ཁྱོད་ཀྱིས་གཞན་གྱི་ཟས་ལ་ལོངས་སུ་སྤྱོད་མི་ཐུབ། གནམ་གཤིས་ཡག་པོ་ཡོད་སྐབས་དེ་ལས་སྐྱོ་བ་དགོས་པ་ཞིག་རེད། ཁྱོད་ཀྱིས་མི་གཞན་རྣམས་ཕྱི་རོལ་ན་དགའ་དགའ་སྤྲོ་སྤྲོའི་ངང་ནས་རྩེད་མོ་རྩེ་བཞིན་ཡོད་པ་མཐོང་ཡོང་བར་མ་ཟད། ཁོ་ཚོའི་གྲོས་སུ་མཉམ་ཞུགས་ཀྱང་བྱེད་འདོད་ཡོད། གལ་ཏེ་ཉིན་མ་གང་ཚང་ལ་ཁྱིམ་ནས་བསྡད་ཚེ། ཚ་བ་ཡང་འཕེར་ཡོང་ངེས། དེར་བརྟེན། ང་རང་ཁྲོམ་དུ་འཆམ་འཆམ་ལ་སོང་སྟེ་སྒོར་མོ་གང་འདོད་དུ་བཀོལ་གྱི་ཡོད་ཀྱང་། འདི་ཡང་མི་གཞན་དང་འབྲེལ་འདྲིས་བྱེད་པའི་རྣམ་པ་ཞིག་རེད། དེ་ཡང་མི་ཚོགས་ཀྱི་ཁྲོད་ནས་རང་ཉིད་ལྷོད་པོར་འདུག་ཆོག ཅེས་བཤད།

                                                                                                                                                                                                                                                                                                                         མུ་འགོད།

 

གསལ་བསྒྲགས་ཀྱི་ས་མིག