18
Thu, Apr

ཧོང་ཀོང་གི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཀྲིའུ་རོང་ཧྥ་དང་ཆུང་མ་ཁྲིན་ཧེ་ལན།

རིག་གཞུང་དང་སྒྱུ་རྩལ།
ཡིག་གཟུགས་སྒྲིག་ཆས།

ཉེ་ཆར། ཧོང་ཀོང་གི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཀྲིའུ་རོང་ཧྥ་ཡིས་ལོ་ངོ་བཞི་བཅུའི་རིང་དུ་གློག་བརྙན་ལས་རིགས་ཁྲོད་ནས་བསགས་པའི་ཧོང་ཀོང་སྒོར་དུང་ཕྱུར་༥༦(རྒྱ་ནག་གི་མི་དམངས་སྒོར་ཕལཆེར་དུང་ཕྱུར་༤༩)ཡོད་པ་རྣམས་གཞན་ཕན་དགེ་རྩ་ཚོགས་པར་ཞལ་འདེབས་སུ་འབུལ་རྒྱུ་ཡིན་སྐོར་བརྗོད་འདུག དེ་ཡང་། ཧོང་ཀོང་གི་ཇེ་ནེ་སྐར་ཚོགས་(jayne Stars)ཞེས་པའི་གློག་བརྙན་དྲ་ཚིགས་ཁང་ཞིག་གིས་ཀྲིའུ་རོང་ཧྥ་ལ་བཅར་འདྲི་བྱེད་སྐབས། ཁོས་རང་གི་རྒྱུ་ནོར་ཞལ་འདེབས་གནང་འཆར་ཡོད་པའི་སྐོར་ནས་འདི་ལྟར་བརྗོད་དོན། སྒོར་མོ་ནི་ང་རང་གི་མ་རེད། ངས་གནས་སྐབས་རིང་དེ་ལ་བདག་པོ་བྱེད་ཀྱི་ཡོད་པ་ཙམ་ཡིན། ཞེས་བརྗོད་འདུག

དེ་ཡང་། ཀྲིའུ་རོང་ཧྥ་དང་ཀོ་ཧྥི་ཁྲིན་རྣམ་གཉིས་ཀྱིས་གཙོ་འཁྲབ་བྱས་པའི་༢༠༡༨ལོའི་གློག་བརྙན་གསར་པ་<<འགྲན་མེད།>>《无双》ཅེས་པ་འགྲེམས་སྤེལ་བྱས་རྗེས། རྒྱ་ནག་ནང་ཁུལ་ནས་ཚད་མཐོ་བའི་ལྟ་མཁན་བྱུང་བར་མ་ཟད། ཚ་ཚ་འུར་འུར་གྱིས་དེ་ལ་གླེང་སློང་དང་གདེངས་འཇོག་ཀྱང་གནང་། ཉེ་ཆར་ཁོས་གློག་བརྙན་དེ་དང་འབྲེལ་བའི་བརྒྱུད་ལམ་ཁག་གི་བཅར་འདྲི་དང་ལེན་བྱེད་སྐབས། ཁོས་རང་ཉིད་ལ་ཡོད་པའི་ཧོང་ཀོང་སྒོར་དུང་ཕྱུར་༥༦ཡོད་པ་རྣམས་གཞན་ཕན་དགེ་རྩ་ཚོགས་པར་ཞལ་འདེབས་སུ་འབུལ་རྒྱུ་ཡིན་སྐོར་བརྗོད་འདུག ༢༠༡༨ལོའི་གློག་བརྙན་གསར་པ་<<འགྲན་མེད།>>《无双》ཅེས་པ་དེའི་ནང་དུ། ཀྲིའུ་རོང་ཧྥ་ཡིས་རི་མོ་བ་ཞིག་འཁྲབ་སྟེ་མི་གཤིས་སྣ་ཚོགས་ཤིག་ཕྱིར་མངོན་པར་བྱས་འདུག དཔེར་ན། མགྲོན་པོར་སྣེ་ལེན་བྱེད་སྐབས། བག་ལྷོད་དང་འཛུམ་ཤིག་གེར་གནས་པའི་ཚོང་པ་བརྗིད་ཉམས་ལྡན་པ་ཞིག་གི་རང་གཤིས་བསྟན་ཡོད་པ་དང་། དགྲ་བོར་ཁ་གཏད་བྱེད་སྐབས། བྱམས་དང་སྙིང་རྗེ་མེད་པའི་གཏུམ་དྲག་གི་ལག་དམར་པ་ཞིག་གི་རང་གཤིས་བསྟན་ཡོད། གྲོགས་དང་འབྲེལ་འདྲིས་བྱེད་སྐབས། རང་ནུས་ཅི་ལྕོགས་དང་བསམ་པ་རྣམ་དག་གིས་གྲོགས་པོར་རོགས་རམ་བྱེད་མཁན་ཞིག་གི་རང་གཤིས་བསྟན་ཡོད། མདོར་ན། གློག་བརྙན་དེའི་ནང་དུ་ཁོས་རི་མོ་བ་ཞིག་འཁྲབ་སྟེ། རི་མོ་བ་དེའི་གཤིས་ཀ་སྣ་ཚོགས་པ་ཞིག་དང་ཁྱད་དུ་འཕགས་པ་ཞིག་ཕྱིར་མངོན་པར་བྱས་འདུག

ཀྲིའུ་རོང་ཧྥ་ཡིས་ལོ་ངོ་བཞི་བཅུའི་རིང་དུ་གློག་བརྙན་ལས་རིགས་ཁྲོད་ནས་མི་ཚེ་སྐྱེལ་ཡོད་ལ། གློག་བརྙན་ཡང་མང་པོ་ཞིག་འཁྲབ་སྟོན་བྱས་ཡོད། དཔེར་ན། <<ཧྲང་ཧེའི་གཙང་འགྲམ།>>དང་། <<དཔའ་བོའི་རང་གཤིས།>> <<སྟག་ཚང་འབྲུག་ཡིབ།>> <<ཤོ་ལྷ།>>སོགས་གློག་བརྙན་ཉི་ཤུ་ལྷག་འཁྲབ་སྟེ་མི་མང་པོ་ཞིག་གི་སེམས་སུ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པར་མ་ཟད། དགའ་བསུའང་ཆེན་པོ་ཐོབ་ཡོད།

ཀྲིའུ་རོང་ཧྥ་ཡིས་ལོ་ངོ་བཅུ་ཕྲག་ཁ་ཤས་ལ་འབད་པ་བྱས་ཏེ་རྒྱུ་ནོར་ཕུན་སུམ་ཚོགས་པ་ཞིག་བསགས་ཡོད་སྟབས། མི་རྣམས་ཀྱིས་ཁོས་ཧ་ཅང་རྒྱས་སྤྲོས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པའི་འཚོ་བ་ཞིག་སྐྱེལ་བར་འདོད་ཀྱི་ཡོད། འོན་ཀྱང་། ཁོས་འདི་ལྟར་བརྗོད་ཀྱི་ཡོད་དེ། ངའི་དམིག་ཡུལ་ནི་བདེ་སྐྱིད་ལྡན་པའི་མི་དཀྱུས་མ་ཞིག་བྱེད་རྒྱུ་དེ་ཡིན། སྒོར་མོ་ག་ཚོད་ཅིག་གསོག་མིན་ནི་འཚོ་བའི་ཁྲོད་ནས་ཆེས་དཀའ་བའི་ལས་ཀ་དེ་མིན་པར། སེམས་བག་ཕེབས་པོར་གནས་ཏེ། བདེ་སྐྱིད་ལྡན་པའི་འཚོ་བ་དཀྱུས་མ་ཞིག་ཇི་ལྟར་རོལ་རྒྱུ་ནི་འཚོ་བའི་ཁྲོད་ཀྱི་གལ་འགངས་ཆེ་བའི་ལས་དོན་ཞིག་ཡིན། ཞེས་བརྗོད་དེ་འཚོ་བར་བཟུང་བའི་ཁོའི་ལྟ་ཚུལ་དེ་གསལ་པོར་བརྗོད་ཡོད། དེ་ནས། ཁོས་རང་གི་རྒྱུ་ནོར་རྣམས་ཞལ་འདེབས་གནང་དོན་གྱི་ཐད་ནས་བརྗོད་དོན། སྒོར་མོ་ནི་ང་རང་གི་མ་རེད། ངས་གནས་སྐབས་རིང་དེ་ལ་བདག་པོ་བྱེད་ཀྱི་ཡོད་པ་ཙམ་ཡིན། ཞེས་བརྗོད་ཀྱི་ཡོད་པ་དང་། ཧོང་ཀོང་སྒོར་དུང་ཕྱུར་༥༦རྣམས་གཞན་ཕན་དགེ་རྩ་ཚོགས་པར་ཞལ་འདེབས་འབུལ་བའི་ཐད་ནས། ཁོ་རང་གི་ཆུང་མ་ཁྲིན་ཧེ་ལན་གྱིས་ཀྱང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་འདུག ཁོ་བཟའ་ཟླ་གཉིས་ལ་བྱིས་པ་མེད་ཀྱང་། བརྩེ་བ་ནི་རོགས་རམ་མཁོ་བའི་མི་ལ་གནང་གི་ཡིན། ཞེས་ཁོ་གཉིས་ཀྱིས་བརྗོད་ཀྱི་འདུག

ཀྲིའུ་རོང་ཧྥ་ནི་མི་བསྲི་ཚགས་ཅན་ཞིག་ཡིན་པར་བརྗོད་ཅིང་། ཁོ་རང་ཟ་ཁང་དུ་སོང་སྟེ་ཟ་མ་ཟ་སྐབས། གལ་ཏེ་ཟ་མ་ལྷག་ཚེ་ཁུག་མར་འཇོག་ཏུ་བཅུག་སྟེ་ཁྱིམ་དུ་ཁྱེར་ཡོང་གི་ཡོད་པ་དང་། ཁྱིམ་གྱི་ཅ་ལག་རྣམས་ཀྱང་རྫིག་པོ་དེ་འདྲ་མིན་ཞིང་། ཐ་ན་ལོ་ངོ་བཅུའི་གོང་གི་བརྙན་འཕྲིན་ཞིག་ད་ལྟའང་སྤྱོད་ཀྱིན་ཡོད་པ་འདྲ། ནམ་རྒྱུན་ཁོ་རང་ཚོང་ཁང་དུ་འགྲོ་སྐབས། ངས་མི་གཞན་གྱི་ཆེད་དུ་ལྭ་བ་གོན་གྱི་མེད། ལྭ་བ་གང་ཞིག་རང་ཉིད་ལ་བདེ་ན་འགྲིག་གི་ཡོད། ཅེས་བརྗོད་ཀྱིན་ཡོད་ཅིང་། ད་དུང་ཁོས་ནོ་ཁེ་ཡའི་ཁ་པར་ཞིག་ལོ་བཅུ་བདུན་ལ་བཟུང་ཞིང་། ལོ་གཉིས་གོང་ནས་ཁ་པར་དེ་རྙིང་པ་ཆགས་ཏེ་འཕྲོ་བརླག་ཏུ་ཕྱིན་སྟབས། གཞི་ནས་ཁ་པར་གསར་པ་ཞིག་ཉོས།

གཞན་ཡང་། ཁོ་རང་གི་ཆུང་མས་བརྗོད་པ་ལྟར། ཀྲིའུ་རོང་ཧྥ་ཡིས་ཟླ་བ་རེར་ཧོང་ཀོང་སྒོར་༨༠༠མ་གཏོགས་བེད་སྤྱོད་བྱེད་ཀྱི་མེད་སྐོར་ཡང་བརྗོད། ཁོ་རང་ནམ་རྒྱུན་འགྲོ་འོང་བྱེད་སྐབས། ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་འགྲོ་བཞིན་ཡོད་པས། མི་རྣམས་ཀྱིས་འདི་ལྟར་བཤད་ཀྱིན་ཡོད། མི་སྣ་སྐད་གྲགས་ཅན་ཚོར་ཐུག་འདོད་ཚེ། ཚོང་ཁང་རྫིག་པོ་སོགས་སུ་འགྲོ་དགོས། ཀྲིའུ་རོང་ཧྥ་ལ་ཐུག་འདོད་ཚེ། ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས། ཚོད་མ་ཁྲོམ་ར་བཅས་སུ་འགྲོ་དགོས། ཞེས་པའི་བཤད་རྒྱུན་ཞིག་དར་ཡོད་འདུག

ཀྲིའུ་རོང་ཧྥ་ཡིས་རང་ཉིད་ལ་ཁོམ་ལོང་ཞིག་བྱུང་ཚེ། དུས་ཚོད་དེ་ཕྱིའི་དངོས་པོའི་ལོངས་སྤྱོད་ཀྱི་ཕྱོགས་སུ་མི་གཏོང་བར། འཆམ་འཆམ་དུ་འགྲོ་བ་དང་། ཡང་ན་རི་འགོར་འཛེག་གི་ཡོད། གལ་ཏེ་ལམ་བར་ནས་མི་ལ་ཐུག་སྟེ་མཉམ་དུ་པར་ལེན་དགོས་པའི་རེ་བ་བྱེད་ཚེ། དང་ལེན་མི་བྱེད་པའི་རྣམ་འགྱུར་ཅི་ཡང་མི་སྟོན་པར་དགའ་ཞིང་སྤྲོ་བའི་ངང་ནས་ལྷན་དུ་པར་ལེན་གྱི་འདུག