ཕྱི་ལོ་༢༠༢༤ ཟླ་༧ ཚེས་༡༢ ཉིན། ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་མཆོག་གིས་བོད་དོན་རྒྱབ་སྐྱོར་ཁྲིམས་འཆར་ཡང་ན་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་མཚན་རྟགས་བཀོད་ནས་ད་ལྟར་དངོས་སུ་ཁྲིམས་ལ་གཏན་འབེབས་གནང་འདུག ཁྲིམས་འཆར་འདི་ཡིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང༌། རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ལུགས་སྒྲོགས་བཞིན་པ་དེ་ནི། ལོ་རྒྱུས་ཀྱི་ཐོག་ནས་དངོས་བདེན་མ་རེད། ཅེས་དང་བོད་རྒྱ་དཀའ་རྙོག་སེལ་ཐབས་སུ་མྱུར་དུ་བོད་རྒྱའི་སྐུ་ཚབ་དབར་གྲོས་མོལ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད།
དེ་ཡང་། གོང་ཚེས་ཉིན་ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་མཆོག་གིས་ཁྲིམས་ཡིག་ལ་མཚན་རྟགས་བཀོད་གྲུབ་རྗེས་གཞུང་འབྲེལ་བསྒྲགས་གཏམ་སྤེལ་བའི་ནང་། དེ་རིང་ངས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ལ་མིང་རྟགས་བཀོད་ཡོད། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དུ་གཏོང་བ་དང་། ཁོ་ཚོའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་ཀྱི་ཤུལ་བཞག་རྒྱུན་འཛིན་བྱེད་པའི་འབད་བརྩོན་ལ་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་ཟུང་སྦྲེལ་གྱིས་རྒྱབ་སྐྱོར་གནང་བ་གཅིག་མཚུངས་ངས་ཀྱང་རྒྱབ་སྐྱོར་ཞུ་གི་ཡོད། ངའི་སྲིད་གཞུང་གིས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་༸གོང་ས་ཏཱ་ལའི་བླ་མའམ་ཁོང་གི་སྐུ་ཚབ་ལྷན་སླར་ཡང་ཐད་ཀའི་གྲོས་མོལ་བྱེད་དགོས་པའི་རེ་སྐུལ་མུ་མཐུད་བྱེད་ཀྱི་ཡོད། ཅེས་བཀོད་གསུངས་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ཚོགས་དྲྭ་ལམ་ (X) བརྒྱུད། སྲིད་འཛིན་ཇོ་བྷའི་ཌེན་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ལ་མཚན་རྟགས་བཀོད་དེ་ཁྲིམས་སུ་བསྒྱུར་ཡོད་པ་གོ་ཐོས་བྱུང་བས་ང་རང་དགའ་ཚོར་ཆེན་པོ་བྱུང་། ང་རང་ད་ལྟ་ལ་དྭགས་བྱང་ཐང་བོད་མིའི་གཞིས་ཆགས་ཁག་ཏུ་ལྟ་སྐོར་དུ་བསྐྱོད་བཞིན་པའི་ཉིན་མཐའ་མར་ས་མཚམས་བརྒལ་ནས་བོད་ལ་རྒྱང་ལྟ་བྱེད་བཞིན་གསར་འགྱུར་འདི་གོ་དུས་རེ་བ་གསར་པ་ཞིག་རྙེད་བྱུང་། ཨ་རིའི་གཞུང་གིས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཐོག་ལངས་ཕྱོགས་སྲ་བརྟན་དུ་གཏོང་བའི་གོམ་པ་གལ་ཆེན་ཞིག་སྤོས་ཏེ། རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཞག་གི་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་ནས་བོད་རྒྱའི་དཀའ་རྙོག་དེ་གྲོས་མོལ་གྱིས་གཏན་དུ་སེལ་བའི་ཆོད་སེམས་བརྟན་པོ་ཞིག་བཟུང་བར་ངས་སྲིད་འཛིན་མཆོག་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ། དེ་བཞིན་ཨ་རིའི་གྲོས་ཚོགས་དང་གྲོས་ཚོགས་ནང་གི་ང་ཚོའི་གྲོགས་པོ་ཚོར་ང་ཚོས་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་མི་སྤྱི་དང་ལྷག་པར་བཙན་བཟུང་འོག་ཡོད་པའི་གཞིས་ལུས་རྒྱ་ཆེ་མི་མང་ལ་དེ་རིང་གི་རྒྱལ་ཁ་འདིས་སེམས་ནང་རེ་བ་དང་སེམས་ཤུགས་གསར་པ་ཞིག་བསྐྲུན་ཡོད། ཅེས་བཀོད་འདུག
སྤྱིར་བོད་རྒྱའི་བཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་(Resolve Tibet Act)་འདོན་མཁན་ནི་གྲོས་ཚོགས་འོག་མི་འཐུས་མི་ཇིམ་མ་ཁི་གྷོ་ཝེན་(Jim McGovern)་དང་། གྲོས་ཚོགས་འོག་མི་འཐུས་མི་མི་ཁུལ་མེ་ཁོ་ལི་(Michael McCaul)། གྲོས་ཚོགས་གོང་མའི་འཐུས་མི་ཊོ་གྷི-ཡོན་(Todd Young) དང་གྲོས་ཚོགས་གོང་མའི་འཐུས་མི་ཇེ་ཧྥེ-མར་ཁི་ལི་(Jeff Markley )་བཅས་ཡིན་འདུག ཁྲིམས་འཆར་འདིར་ཨ་རི་གྲོས་ཚོགས་གོང་འོག་གཉིས་ནས་ཚད་མཐོ་བའི་རྒྱབ་སྐྱོར་ཐོབ་ཡོད། དེ་ཡང་འདི་ལོའི་ཕྱི་ཟླ་༦ ཚེས་༡༢་གྲོས་ཚོགས་འོག་མའི་ནང་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ཆེས་མང་མོས་ཀྱིས་གཏན་འབེབས་གནང་ཡོད། དེ་ནས་ཕྱི་ཟླ་༧་ཚེས་༡༢ ཉིན་ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་མཆོག་གིས་ཁྲིམས་ཡིག་ལ་མཚན་རྟགས་བཀོད་ནས་ད་ལྟར་དངོས་སུ་ཁྲིམས་ལ་གཏན་འབེབས་གནང་ཡོད།
ཁྲིམས་འཆར་དེའི་ནང་དུ། ཨ་རིའི་གཞུང་གིས་ཡུན་རིང་ནས་འཛིན་བཞིན་པའི་སྲིད་ཇུས་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་དང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ། ཡང་ན་བོད་མིའི་སྤྱི་ཚོགས་ཀྱིས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་དབུ་ཁྲིད་དབར་དོན་སྙིང་ལྡན་པ་དང༌། ཐད་ཀའི་འབྲེལ་མོལ་བྱས་ཏེ། སྔོན་འགྲོའི་ཆ་རྐྱེན་མེད་པར་ཕན་ཚུན་མི་མཐུན་པའི་ཆ་རྣམས་སེལ་ཐབས་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཞེས་དང་། ཨ་རིའི་གཞུང་གི་ངོས་ནས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་ལངས་ཕྱོགས་རྩ་བ་ཉིད་ནས་བཟུང་མྱོང་མེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང༌། རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ལུགས་སྒྲོགས་བཞིན་པ་དེ་ནི། ལོ་རྒྱུས་ཀྱི་ཐོག་ནས་དངོས་བདེན་མ་རེད། ཅེས་དང་། ཨ་རིའི་མང་ཚོགས་ཕྱི་འབྲེལ་འབད་བརྩོན་གྱི་ཐོག་ནས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་ལོ་རྒྱུས་དང༌། བོད་མི་མང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱིས་མཚོན་པའི་བོད་མིའི་སྒྲིག་འཛུགས་ཁག་ཚུད་པའི་བོད་ཀྱི་སྐོར་ལ་གནས་ཚུལ་རྫུན་སྒྲོགས་བྱེད་བཞིན་པ་དེར་ངེས་པར་ཁ་གཏད་གཅོག་དགོས། ཞེས་བཀོད་འདུག
ད་དུང་ཁྲིམས་དེའི་ནང་དུ་ཨ་རིའི་གཞུང་གི་སྲིད་ཇུས་ནི།
(༡) བོད་མི་མང་ནི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། སྐད་ཡིག ལོ་རྒྱུས་ཀྱི་ངོ་རྟགས་ཡོད་པའི་མི་རིགས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
(༢) བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབར་གྱི་རྩོད་རྙོག་དེ་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ཀྱིས་མཚོན་པའི་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་། འཚེ་མེད་ཞི་བའི་ལམ་ནས། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་འབྲེལ་མོལ་བརྒྱུད་སེལ་ཐབས་བྱེད་དགོས།
(༣) རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་ལོ་རྒྱུས་དང༌། བོད་མི་མང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱིས་མཚོན་པའི་བོད་མིའི་སྒྲིག་འཛུགས་ཁག་གི་སྐོར་ལ་གནས་ཚུལ་རྫུན་སྒྲོགས་བྱེད་བཞིན་པ་དེ་དག་ངེས་པར་མཚམས་འཇོག་བྱེད་དགོས།
(༤) རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྤྱི་མང་དང་ཆབ་སྲིད་ཐོབ་ཐང་གི་རྒྱལ་སྤྱིའི་གན་ཆིངས་ཐོག་ཆོག་མཆན་མིང་རྟགས་འགོད་རྒྱུ་དང༌། དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ཐོབ་ཐང་གི་རྒྱལ་སྤྱིའི་གན་ཆིངས་འོག་ཁས་ལེན་བྱས་པ་ཡོངས་སུ་རྫོགས་བརྩི་སྲུང་དགོས་པའི་སྐུལ་མ་བྱ་རྒྱུ་དང༌།
(༥) བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་ཡིག་ ༢༠༢༠ གཞིར་བཟུང༌།
(ཀ) རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ། ཡང་ན་བོད་མིའི་སྤྱི་ཚོགས་ཀྱིས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་དབུ་ཁྲིད་དབར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་དོན་ཕན་ལྡན་པའི་འབྲེལ་མོལ་ཡོང་ཐབས་སྐུལ་འདེད་དང༌། ཡང་ན་འབྲེལ་མོལ་གྱི་ཁོར་ཡུག་ལེགས་བཅོས་གཏོང་བའི་ཐབས་ཚུལ་འཚོལ་ཞིབ་བྱས་ཏེ། བོད་དོན་ཐོག་གྲོས་མཐུན་གན་ཡིག་འཇོག་ཐབས་བྱ་རྒྱུ།
(ཁ) ཕྱོགས་མང་པོར་འབད་བརྩོན་ཁྲོད་སྲིད་གཞུང་གཞན་ཁག་དང་མཉམ་རུབ་ཀྱི་སྒོ་ནས། བོད་དོན་ཐོག་གྲོས་མཐུན་གན་ཡིག་འཇོག་ཐབས་ཀྱི་དམིགས་ཡུལ་སྙེག་ཐབས་དང༌།
(ག) རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ། བོད་མི་ཚོས་སོ་སོའི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང༌། རིག་གཞུང་། ཆོས་ལུགས། སྐད་ཡིག་གི་ངོ་རྟགས་བཅས་ལ་བཅངས་པའི་མངོན་འདོད་སྐོང་དགོས་པའི་སྐུལ་མ་འདེབས་རྒྱུ། ཞེས་སོགས་བཀོད་འདུག
བོད་རྒྱའི་བཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་སྲིད་འཛིན་ཇོ་བྷ་ཌན་མཆོག་གིས་མཚན་རྟགས་བཀོད་ནས་ཁྲིམས་དངོས་སུ་གཏན་འབེབས་གནང་རྗེས། རྒྱ་གར་གཙོས་ཨ་རི་དང་ཁེ་ཎ་ཌ། ཡུ་རོབ་དང་ཨོ་གླིང་སོགས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཨ་རི་གཞུང་དང་མི་མང་། དམིགས་བསལ་གྲོས་ཚོགས་འཐུས་མི་དང་སྲིད་འཛིན་ཇོ་བྷ་ཌན་མཆོག་བཅས་ལ་ཐུགས་རྗེ་ཆེའི་མཛད་སྒོ་རིམ་བཞིན་ཚོགས་ནས་ཁོང་རྣམ་པར་ཁྲིམས་འཆར་དར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞེས་ཞུས་སོང་།