བཙན་བྱོལ་གྱི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༥ ཟླ་༣ ཚེས་༡༢ ཉིན། དབུས་དང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྡ་ས་ཁུལ་གྱི་བུད་མེད་དང་སློབ་ཕྲུག བཙུན་པ་གཙོས་པའི་བོད་མི་བརྒྱ་ཕྲག་འགའ་ཤས་ཀྱིས་ཐེག་ཆེན་གཙུག་ལག་ཁང་ཉེ་འགྲམ་ནས་རྡ་ཤོད་ཀ་ཅ་རི་བར་དུ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ནང་རང་དབང་དགོས། བོད་རང་བཙན་གཙང་མ་ཡིན། རྒྱ་མི་བོད་ནས་ཕར་རྒྱུག་ཤིག བོད་མི་དམར་གསོད་གཏོང་བར་མཚམས་འཇོག་དགོས། བོད་ནང་ཁོར་ཡུག་གཏོར་བཅོམ་བྱ་རྒྱུ་མཚམས་འཇོག་དགོས། བོད་ནང་ཆུ་མཛོད་རྒྱག་རྒྱུ་མཚམས་འཇོག་དགོས་སོགས་ཀྱི་སྐད་འབོད་གནང་ནས་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་༦༦་པ་ཞི་བའི་གོམ་བགྲོད་ལམ་ནས་དུས་དྲན་སྲུང་བརྩི་ཞུས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་༩།༣༠ ཐོག དབུས་དང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཐེག་ཆེན་གཙུག་ལག་ཁང་ཉེ་འགྲམ་གྱི་རླུང་འཁོར་འཇོག་སའི་ཁང་ཐོག་ཏུ། བོད་ཀྱི་བུད་མེད་སྒེར་ལངས་ཐེངས་༦༦་པ་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོ་ཞིག་ཚོགས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་ནི་རྡ་རམ་སའི་སྤྱི་ཁྱབ་འགན་འཛིན་ནེ་ནུ་ཤར་མ་(Neenu Sharma)་དང་། དམིགས་བསལ་སྐུ་མགྲོན་ནི་རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་རེད་འདུག སྐུ་མགྲོན་གཞན་ནི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་འདུག དེ་བཞིན་རྡ་ས་ཁུལ་གྱི་བཙུན་དགོན་གྱི་བཙུན་མ་རྣམས་དང་རྡ་སྟེང་བོད་ཁྱིམ་གྱི་འཛིན་རིམ་བདུན་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་བུ་མོ་རྣམས། རྡ་ས་ཁུལ་གྱི་བུད་མེད་གཙོས་པའི་བོད་མི་དང་ཕྱི་རྒྱལ་བ་ཁག་ཅིག་མཉམ་ཞུགས་གནང་འདུག

དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས་བོད་ཀྱི་བུད་མེད་རང་དབང་སྒེར་ལངས་ཐེངས་༦༦ པའི་ཡོངས་ཁྱབ་བསྒྲགས་གཏམ་སྒྲོག་སྦྱང་གནང་དོན། ཕྱི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་གཞུང་གིས་ཁྲིམས་འགལ་ཐོག་བཙན་བཟུང་བྱས་ཏེ་བོད་རྒྱལ་ཁབ་ཆགས་འཇིག་ལ་ཐུགས་སྐབས་བོད་གཞུང་མང་གཉིས་ནས་ཕོ་ཟད་མོ་ལ་ཐུག་པ་དང་ལག་ཟད་དཔུང་ལ་ཐུག་ཀྱང་ཆོལ་གསུམ་བུད་མེད་རྣམས་ཀྱིས་ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༢ ཉིན་སྙིང་སྟོབས་ཞུམ་པ་མེད་པར་བོད་བསྟན་སྲིད་ཀྱི་དོན་དུ་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཕོ་བྲང་པོ་ཏཱ་ལའི་འབྲས་བུ་གཡུལ་ཀའི་ཐང་ཆེན་དུ་རྒྱལ་གཅེས་དཔའ་མོ་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་རྒྱ་ནག་ དམར་པོའི་སྲིད་གཞུང་གིས་ཁྲིམས་འགལ་ཐོག་ནས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་པར་གཞི་རྒྱ་ཆེ་བའི་བུད་མེད་སྒེར་ལངས་གནང་ནས་མི་ལོ་༦༦ ཧྲིལ་པོ་འཁོར་བའི་གལ་ཆེན་དུས་ཚིགས་ཀྱི་ཉིན་མོ་ཞིག་ཡིན། དེ་ནི་བོད་གཞི་བྱེས་གཉིས་སུ་གནས་པའི་བུད་མེད་ཙམ་མ་ཡིན་པར། བོད་མི་ཡོད་དོ་ཅོག་གིས་བརྗེད་ཐབས་མེད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཀྱང་ཆགས་ཀྱི་ཡོད། གནད་དོན་འདི་ལ་གཞུང་སྒེར་སུས་ཀྱང་སྣང་མེད་དུ་འཇོག་ཐབས་མེད་པའི་ཉིན་མོ་ཞིག་ཡིན།

ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༢ ཉིན་བྱས་པ་ཅན་གྱི་ཆོལ་གསུམ་བུད་མེད་རྣམས་ཀྱིས་བོད་དོན་བདེན་པའི་འཐབ་རྩོད་ཆེད་བསྐྱར་བཙུགས་ཞུས་པའི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་རྒྱུན་འཛིན་ཡོང་ཆེད་བཙན་བྱོལ་ནང་ཀ་རྡོར་སྒང་གསུམ་དུ་བོད་ཀྱི་བུད་མེད་ཚོགས་པ་མུ་མཐུད་བཙུགས་ཡོད། རྗེས་སུ་བོད་མི་རྣམས་སོ་སོའི་འཚོ་བའི་གནས་སྟངས་དཀའ་ངལ་ཆེན་པོ་བྱུང་བར་བརྟེན་ཚོགས་པ་རིམ་པས་ཉམས་རྒུད་དུ་སོང་བའི་གནས་སྟངས་བྱུང་ཡོད། སྐབས་དེར་ཕྱི་ལོ་༡༩༨༤ ལོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་འོག་ཚོགས་པ་སླར་གསོ་ཞུས་པ་དང༌། བོད་དོན་བདེན་པའི་འཐབ་རྩོད་རྒྱུན་འཁྱོངས་གནས་རྒྱུའི་ཐོག་མའི་དགོངས་པ་དང་དམིགས་ཡུལ་སྙིང་བཅངས་ཀྱིས་ད་རིང་བར་མི་ལོ་ཧྲིལ་པོ་༦༦ འཁོར་གྱི་ཡོད། རྒྱུད་རིམ་དེའི་ནང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སྲ་བརྟན་ཡར་རྒྱས་བྱུང་བ་ནི་གཙོ་བོར་ྋསྤྱི་ནོར་ྋགོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡང་སྒོས་བོད་མི་རྒན་རབས་པ་གཙོ་བོར་གྱུར་བའི་རྒྱུན་ལས་གོང་མ་རྣམས་དང་ཚོགས་མི་རྣམས་ཀྱིས་སྔ་ཕྱི་བར་གསུམ་དུ་ལྷག་བསམ་སྙིང་བཅངས་ཀྱིས་བོད་སྤྱི་པའི་ལས་དོན་ལ་འགན་འཁུར་ཆེ་བཞེས་གནང་བའི་རླབས་ཆེན་གྱི་གྲུབ་འབྲས་ཞིག་ཡིན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བློ་སེམས་རྩེ་གཅིག་གིས་དད་གུས་གཡོ་བ་མེད་པ་དང་དབུས་བོད་མིའི་སྒྲིག་འཛུགས་ལ་དབུ་བ་དཔུང་བསྡེགས་ཀྱིས་ཞུ་མཁན་གྱི་སྒྲིག་འཛུགས་ཤིག་དང་། བོད་དོན་བདེན་པའི་འཐབ་རྩོད་ཐོག་ལས་འགུལ་སྤེལ་མཁན་ལོ་རྒྱུས་རང་བཞིན་ལྡན་པའི་ཐོག་དབུ་མའི་ལམ་ལ་ཤར་བསྐྱོད་ཞུ་མཁན་གྱི་བོད་ཀྱི་བུད་མེད་ཀྱི་སྒྲིག་འཛུགས་གཅིག་པོ་དེའང་ཆགས་ཀྱི་ཡོད། ད་ཆ་བོད་ཀྱི་བུད་མེད་ལྷན་ཚོགས་ནང་ས་གནས་ཡན་ལག་ཁག་༥༩ དང་ཚོགས་མི་གྲངས་༢༡/༠༠༠ ལྷག་ཡོད་པའི་གཞུང་ཁུངས་མ་ཡིན་པའི་ཚོགས་པ་རྙིང་ཤོས་ཞིག་ཡིན།

ད་བར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ས་བཙན་འཛུལ་བྱས་པ་ནས་བཟུང་མུ་འཐུད་དྲག་གནོན་འོག་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་རབ་དང་རིམ་པ་ཞིག་ལག་བསྟར་བྱ་དང་བྱེད་མུས་ཀྱིས་གནས་སྟངས་ཉིན་རེ་ནས་ཉིན་རེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ལྷག་པར་དུ་བོད་ནང་གི་བོད་མི་རྣམས་རྒྱ་ནག་དམར་པོའི་སྲིད་གཞུང་གི་བཙན་གནོན་དང་དམ་དྲག་ཁོ་ནའི་འོག་ཉིན་མཚན་མི་འཁྱོལ་བའི་གནས་སྟངས་ཛ་དྲག་ངང་གནས་ཡོད། ཕྱི་ལོ་༡༩༥༩ ནས་བཟུང་རང་དབང་དང་ཞི་བདེ་ལ་དགའ་བའི་བོད་མི་རྣམས་ནས་ལས་འགུལ་རབ་དང་རིམ་པ་སྤེལ་བར་རྟེན་རྒྱ་གཞུང་གྱིས་གོ་མཚོན་སྣ་ཚོགས་བེད་སྤྱོད་ཀྱིས་ད་བར་བོད་མི་གྲངས་མེད་དམར་གསོད་བཏང་ཡོད་པ་དང༌། ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་༡༡ པ་རིན་པོ་ཆེ་གཙོས་པའི་བོད་མི་གྲངས་ལས་འདས་པ་གར་སོང་ཆ་མེད་དུ་འགྱུར་ཡོད། ལྷག་པར་དུ་རྒྱ་གཞུང་གྱི་དམ་དྲག་སྲིད་བྱུས་ལ་འུ་ཐུག་ཐབས་ཟད་ཀྱིས་བོད་ནང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་འུ་ཐུག་བཟོད་བྲལ་གྱིས་རང་ལུས་མེར་སྲེག་གནང་དགོས་བྱུང་ཡོད། མ་ཟད་རྒྱ་གཞུང་གྱིས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་བསམ་ངན་རྩུབ་སྤྱོད་ཀྱི་སྲིད་བྱུས་མུ་མཐུད་འཛིན་ནས་དོན་མེད་ཀྱིས་འཛིན་བཟུང་བཙོན་འགག་དང༌། ཉིན་མཚན་ཀུན་དུ་མི་མང་རྣམས་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་མེད་པར་བཀག་འགོག་སྟངས་འཛིན་བྱེད་པ། རྒྱ་གཞུང་གྱིས་བོད་ནང་བཅའ་སྡོད་སློབ་གྲྭ་ཟུར་བཙུགས་ཀྱིས་བོད་ཕྲུག་རྣམས་སློབ་གྲྭར་བཙན་འགག་བྱས་པ་མ་ཟད། དམར་ཤོག་གྱི་ལྟ་བ་བཙན་ཁྲིད་ཀྱིས་སློབ་གསོ་བྱེད་བཞིན་ཡོད། ལྷག་པར་དུ་གྲྭ་བཙུན་དགོན་སྡེ་གྲྭ་ཚང་ཁག་ནང་དམར་ཤོག་གྱི་ལྟ་བ་ཟབ་ཁྲིད་བྱེད་པ་ལས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་གྱི་བྱེད་སྒོ་ཐད་བཀག་འགོག་བྱས་པ། དེ་བཞིན་བོད་རིགས་ལས་བྱེད་པ་རྣམས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱ་མི་ཆོག་པ། བོད་རིགས་རྣམས་རང་གྱི་རྒྱལ་ཁབ་བོད་ས་སྟོད་སྨད་བར་གསུམ་དུ་ཡུལ་སྐོར་འགྲོ་རྒྱུར་ཡང་བཀག་འགོག་སྟངས་འཛིན་ལ་སོགས་པའི་བྱ་སྤྱོད་ཚད་ལས་འགལ་བ་བྱས་མུས་རེད།

སྤྱིར་བོད་མཐོ་སྒང་ལ་འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་ཅིང་གོ་ལ་སྤྱི་ཡོངས་ཀྱི་ཁོར་ཡུག་གི་འགྱུར་འགྲོས་ལ་ཁྱད་པར་བཟོ་ཐུབ་པའི་ནུས་པ་ལྡན་ཞིང་བོད་ནང་གི་ཁོར་ཡུག་གི་བརྟན་ལྷིང་ནི་བོད་མི་ཙམ་མ་ཟད། ཨེ་ཤེ་ཡའི་མི་འབོར་དུང་ཕྱུར་གཅིག་དང་ཕྱེད་ཀའི་འཚོ་བའི་རྟེན་གཞིའང་བོད་ཀྱི་ཆུ་རྒྱུན་ཁག་ལ་ཐུག་ཡོད་པ་དང༌། འདི་ལོ་ཟླ་དང་པོའི་ནང་སྟོད་ས་ཁུལ་ནང་ས་ཡོམ་གྱིས་གོད་ཆགས་འབྱུང་རྩ་གཙོ་བོ་ནི་རྒྱ་ནག་དམར་གཞུང་གིས་བོད་ས་བཙན་འཕྲོག་བྱས་པ་ནས་བཟུང་བོད་ནང་གི་ཤིང་ནགས་གཅོད་བྲེགས་དང༌། གཏེར་ཁ་སྔོག་འདོན། བོད་ནང་གི་ཆུ་ཆེན་དང་གཙང་ཆུ་ཆེ་ཁག་གང་སར་ཆུ་མཛོད་གསར་རྒྱག་དང་གཙང་ཆུ་ཁ་སྒྱུར་དང་། དེ་མ་ཟད་བོད་མིའི་འགྲོ་སྡོད་ཀྱི་རང་དབང་ལ་བརྩི་སྲུང་མེད་པར་བཙན་དབང་གིས་ས་གནས་གཞན་དུ་གནས་སྤོ་རུ་བཅུག་པ་དེ་བཞིན་རྡུལ་ཕྲན་ཚོན་ཆ་སོགས་རྫས་རིགས་དང་འབྲེལ་བའི་བཟོ་གྲྭ་སྣ་མང་འཛུགས་སྐྲུན་བྱས་པ། བོད་ནང་ཁ་རླུང་སྦག་གཙོག་བཟོས་པ་སོགས་ལ་བརྟེན་བྱུང་ཡོད་པས་རྒྱ་ནག་དམར་གཞུང་ནས་བོད་ནང་གི་སྣོད་བཅུད་གཉིས་ལ་གཏོར་སྐྱོན་གཏོང་མུས་དེ་ངེས་པར་འཚམས་འཇོག་དགོས་རྒྱུ་དང༌། གནད་དོན་དེ་བོད་དང་བོད་མི་ཁོ་ནའི་བདེ་སྡུག་ཙམ་མ་ཡིན་པར་བོད་ཀྱི་ཉེ་འབྲེལ་རྒྱལ་ཁབ་ཁག་གི་བདེ་འཇགས་དང་མི་མང་གི་འཚོ་གནས་བདེ་སྡུག་དང་ཐད་ཀར་འབྲེལ་བ་ཡོད་པས་ཨེ་ཤིཡེ་རྒྱལ་ཁབ་ཀྱི་མི་མང་ནས་ཀྱང་དོ་སྣང་དགོས་རྒྱུར་དྲན་སྐུལ་དང་སྦྲགས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དོ་སྣང་ནན་པོ་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན།

འོན་ཀྱང་བོད་ནང་གི་བོད་རིགས་སྤུན་ཟླ་རྣམས་ཀྱིས་སྙིང་སྟོབས་དང་སེམས་ཤུགས་ཞུམ་པ་མེད་པར་རྒྱ་ནག་གཞུང་གིས་བོད་མིར་འཛིན་པའི་གདུག་རྩུབ་ཅན་གྱི་བྱ་སྤྱོད་དེར་ཞི་བའི་ཐོག་ལས་འགུལ་སྤེལ་མུས་ཡིན་པ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ། སྤྱིར་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། རྒྱ་ནག་དམར་གཞུང་གིས་བོད་དུ་འཛིན་པའི་སྲིད་བྱུས་ལག་བསྟར་གནང་སྟངས་སོགས་ལ་རྒྱལ་སྤྱིའི་ཐོག་བོད་མི་སྤྱི་སྒེར་ཡོངས་ནས་བོད་ཀྱི་བདེན་པའི་འཐབ་བརྩོད་དང་བོད་ནང་དངོས་ཡོད་གནས་སྟངས་ཐོག་དྲིལ་བསྒྲགས་དང་ཞུ་གཏུགས་ཀྱི་ལས་འགུལ་རབ་དང་རིམ་པར་སྤེལ་བར་བརྟེན། བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་རྒྱལ་སྤྱིའི་ཐོག་ལོ་རེ་ནས་རྒྱབ་སྐྱོར་གནང་མཁན་ཇེ མང་དུ་འགྲོ་བཞིན་ཡོད། མ་འོངས་པའང་བོད་ཀྱི་བུད་མེད་ལྷན་ཚོགས་ནས་བོད་ཀྱི་བདེན་པའི་འཐབ་བརྩོད་ཀྱིས་ལས་འགུལ་སྔར་ལྷག་སྤེལ་རྒྱུ་ཡིན་པ་ཆོས་སེམས་བརྟན་པོ་ཡོད། ལྷག་པར་དུ་བོད་དོན་འཐབ་རྩོད་དང་འབྲེལ་བའི་ལས་འགུལ་སྤྱི་སྒེར་སུའི་གནང་ཡང་བོད་རིགས་སྤུན་ཟླ་རྣམས་པའི་ནུས་ཤུགས་གཅིག་སྒྲིལ་གྱིས་སྒོ་ནས་རྒྱབ་སྐྱོར་མཉམ་ཞུགས་དགོས་གལ་ཞུ་རྒྱུ། ལྷག་པར་དུ་ལོ་འདིའི་ནང་༸རྒྱལ་བའི་གོ་སྟོན་དང་སྟབས་བསྟུན་གྱིས་ཆོལ་གསུམ་བོད་རིགས་སྤུན་ཟླ་ནང་ཁུལ་དམ་ཚིག་ཆིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་ཀྱི་སྒོ་ནས་བཀའ་དགོངས་འགལ་མེད་ཚུལ་བཞིན་སྒྲུབ་ནས་བཀའ་དྲིན་གསོ་ཐབས་ལ་འབད་དགོས་པ་ཡིད་འཇག་ནན་སྐུལ་ཞུ་རྒྱུ།

ལྷག་དོན་དུ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་ཚུན་ཆད་བློད་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་ཀྱི་མཛད་རྗེས་ལ་ཡིད་རངས་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་དུས་ད་ལྟའང་རྒྱ་དམར་སྲིད་གཞུང་གི་དམ་དྲག་འོག་དཀའ་སྡུག་མྱང་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་མྱ་ངན་གུས་བཏུད་ཞུ་ཡི་ཡོད། ང་ཚོ་ད་ལྟའི་མི་རབས་རྣམས་ཀྱིས་ནམ་ཡང་བརྗེད་མི་རུང་བའི་གནད་དོན་ཞིག་ལ་ཁོང་རྣམས་པའི་སྙིང་སྟོབས་ལ་བསྔགས་བརྗོད་དང་བོད་གཞིས་བྱེས་གཉིས་མཉམ་འཛོམས་ཡོང་བའི་ཁོང་རྣམས་པའི་རེ་བ་དང་རྨི་ལམ་དེ་དག་ནམ་ཡང་མ་བརླག་པར་བསྒྲུབ་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་སྐབས་བབ་ཀྱི་འོས་འགན་ཞིག་ཡིན། འདས་པའི་མི་ལོ་༦༦ ཧྲིལ་པོའི་རིང་རྒྱལ་སྤྱིའི་ནང་གི་བོད་དོན་ལ་དྲང་བདེན་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ནས་གོ་སྐབས་འདི་བརྒྱུད་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སླད་མ་འོངས་པར་རྒྱབ་སྐྱོར་མུ་མཐུད་ཡོང་བ་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

དུས་དྲན་སྲུང་བརྩིའི་མཛད་སྒོ་གྲོལ་རྗེས། རྡ་ས་ཁུལ་གྱི་བུད་མེད་དང་སློབ་ཕྲུག བཙུན་པ་གཙོས་པའི་བོད་མི་བརྒྱ་ཕྲག་འགའ་ཤས་ཀྱིས་ཐེག་ཆེན་གཙུག་ལག་ཁང་ཉེ་འགྲམ་ནས་རྡ་ཤོད་ཀ་ཅ་རི་བར་དུ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ནང་རང་དབང་དགོས། བོད་རང་བཙན་གཙང་མ་ཡིན། རྒྱ་མི་བོད་ནས་ཕར་རྒྱུག་ཤིག བོད་མི་དམར་གསོད་གཏོང་བར་མཚམས་འཇོག་དགོས། བོད་ནང་ཁོར་ཡུག་གཏོར་བཅོམ་བྱ་རྒྱུ་མཚམས་འཇོག་དགོས། བོད་ནང་ཆུ་མཛོད་རྒྱག་རྒྱུ་མཚམས་འཇོག་དགོས་སོགས་ཀྱི་སྐད་འབོད་གནང་ནས་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་༦༦་པ་ཞི་བའི་གོམ་བགྲོད་ལམ་ནས་དུས་དྲན་སྲུང་བརྩི་ཞུས་སོང་།