ཕྱི་ལོ་༢༠༢༥ ཟླ་བ་༢ ཚེས་༨ ཉིན། བཞུགས་སྒར་རྡ་རམ་སའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ། རྒྱ་གར་དང་བླངས་བོད་དོན་ཞུ་གཏུགས་ལས་འགུལ་ཚོགས་པས་འདི་ལོ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་ཡིན་སྟབས། འཛམ་གླིང་གང་སར་བཞུགས་པའི་བོད་མི་རྣམས་ཀྱིས་༸གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲིའི་ཤིས་ཚིག་དང་། ༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་འཕྲིན་ཡིག སྙན་རྩོམ། བསྟོད་གླུ་དང་རི་མོ་སོགས་བྲིས་ནས་ཚོགས་པ་དེར་སྐུར་རྒྱུའི་འབོད་སྐུལ་དང་དེ་རྣམས་དེབ་གཟུགས་སུ་པར་བསྐྲུན་བྱས་ནས་སྐུའི་འཁྲུངས་སྐར་ཉིན་༸གོང་ས་མཆོག་ལ་འབུལ་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཐོག རྡ་ས་ས་གནས་འགོ་འཛིན་ཚོགས་ཁང་དུ། རྒྱ་གར་དང་བླངས་བོད་དོན་ཞུ་གཏུགས་ལས་འགུལ་ཚོགས་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་། ཁོ་ཚོས་བོད་མི་རྣམས་ལ་༸གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲིའི་ཤིས་ཚིག་དང་། ༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་འཕྲིན་ཡིག སྙན་རྩོམ། བསྟོད་གླུ་དང་རི་མོ་སོགས་བྲིས་ནས་ཚོགས་པ་དེར་སྐུར་རྒྱུའི་འབོད་སྐུལ་ཞུས་སོང་།
ཁོང་ཚོས་བརྗོད་དོན། ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༧ ཚེས་ ༦ ཉིན། སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༩༠ ཕེབས་པའི་ ༧སྐུའི་གོ་སྟོན་གྱི་འཁྲུངས་ལྷ་དབྱར་གསོལ་ཉིན་མོ་དང་བསྟུན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་མཐོང་དང་ལྡན་པའི་རྒྱལ་སྤྱིའི་བཀའ་དྲིན་རྗེས་དྲན་གྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན། ལས་འགུལ་དེ་ནི་འཛམ་གླིང་ཁྱོན་ཡོངས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་སླད་འཛམ་གླིང་ཡུལ་གྲུ་གང་ས་ནས་བསྐུར་བའི་འཚམས་འདྲིའི་ཤིས་ཚིག་རྣམས་ཕྱོགས་སྒྲིག་གིས་པར་སྐྲུན་ཞུ་སྟེ་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུངས་སྐར་གྱི་ཕྱག་རྟགས་ཚུལ་དུ་འབུལ་ལམ་ཞུ་རྒྱུ་ཡིན། ཞེས་དང་།
ལས་འགུལ་འདིའི་བརྒྱུད་མང་ཚོགས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཅངས་པའི་བཀའ་དྲིན་རྗེས་དྲན་དང་གུས་བརྩི། སྨོན་འདུན་ཞུ་རྒྱུའི་གོ་སྐལ་ཞིག་ཡིན་ལ། རང་ཉིད་ཀྱི་སེམས་ཚོར་གྱི་ཕྱུག་པའི་ཤིས་ཚིག་རྣམས་རྒྱ་གར་དང་འཛམ་གླིང་གང་སར་ཡོད་པའི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་པ་འབུལ་རྒྱུ་འབོད་སྐུལ་ཞུས་སོང་། དེ་ལས་གནས་ཚུལ་དགོས་ཚེ་ཁོ་ཚོའི་སྤྱི་ཚོགས་དྲ་རྒྱ་(Instagram vtag.india) ཐོག་གཟིགས་རོགས།