ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༥་དང་བོད་ཟླ་༡༠་ཚེས་༢༥ ཉིན། བཞུགས་སྒར་རྡ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་མཆོག་དགའ་ལྡན་ལྔ་མཆོད་མཆོད་འབུལ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༥་དང་བོད་ཟླ་༡༠་ཚེས་༢༥ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་འོད་གསལ་མངོན་དུ་མཛད་དེ་ལོ་ངོ་ ༦༠༥ འཁོར་བའི་དགོངས་རྫོགས་ཀྱི་དུས་ཆེན་དགའ་ལྡན་ལྔ་མཆོད་མཆོད་འབུལ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ནས་བླ་མཆོད་བདེ་སྟོང་དབྱེར་མེད་མའི་སྒོ་ནས་ཚོགས་མཆོད་འབུལ་གནང་མཛད་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཉིན་དགུང་ཆུ་ཚོད་༡།༣༠་ཡས་མས་ཞིག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་མཛད་སོང་། སྐབས་དེར། གཙུག་ལག་ཁང་དུ་བོད་མི་གཙོས་པའི་རྒྱ་གར་བ་དང་ཕྱི་རྒྱལ་བ་༣༥༠༠་ལྷག་གིས་དགའ་དད་གུས་གསུམ་གྱིས་༸གོང་ས་མཆོག་ལ་ཕེབས་བསུ་ཞུས་སོང་།

སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲི་སྟེང་བཞུགས་རྗེས། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་འོད་གསལ་མངོན་དུ་མཛད་དེ་ལོ་ངོ་ ༦༠༥ འཁོར་བའི་དགོངས་རྫོགས་ཀྱི་དུས་ཆེན་མཆོད་འབུལ་དུ་དུས་ཡུན་ཚོུད་གཉིས་ཙམ་རིང་བཞུགས་ཏེ་བླ་མཆོད་བདེ་སྟོང་དབྱེར་མེད་མའི་སྒོ་ནས་ཚོགས་མཆོད་འབུལ་གནང་མཛད་སོང་།

དགའ་ལྡན་ལྔ་མཆོད་ནི་ལོ་རྟག་བོད་ཟླ་༡༠པའི་ཚེས་༢༥ཉིན་བོད་མདོ་དབུས་ཁམས་གསུམ་དུ་སྲུང་བརྩི་ཞུ་བཞིན་ཡོད། ཉིན་དེ་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མྱ་ངན་ལས་འདས་པའི་དུས་མཆོད་ཀྱི་ཉིན་མོ་ཡིན་པ་དང་། དགོངས་རྫོགས་ཀྱི་དུས་མཆོད་ཆེན་མོ་དེ་ལ་དགའ་ལྡན་ལྔ་མཆོད་ཅེས་འབོད་པ་རེད། བོད་རབ་བྱུང་བདུན་པའི་ས་མོ་ཕག་སྟེ་ཕྱི་ལོ་༡༤༡༩ལོའི་སྟོན་དུས། ཁམས་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་སྟོད་ལུང་དང་འབྲས་སྤུངས། ལྷ་ས། སེ་ར་སོགས་སུ་ཕེབས་ནས་བཀའ་ཆོས་མང་དུ་གསུངས། དེ་ནས་སླར་དགའ་ལྡན་དུ་ཕྱིར་ཕེབས་ཏེ་ཐུབ་དབང་ཚུལ་ཁྲིམས་མའི་སྐུ་མདུན་དུ་མཆོད་འབུལ་དང་བསྔོ་སྨོན་རྒྱ་ཆེར་མཛད་རྗེས། སྐུ་བེར་དང་དབུ་ཞྭ་དག་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་གནང་སྟེ་རྒྱལ་ཚབ་ཏུ་བསྐོ་བཞག་མཛད། དེ་ནས་བོད་ཟླ་༡༠པའི་ཚེས་༢༥ཉིན་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གཟིམ་ཁང་འོད་གསལ་སྦུག་ཏུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད།

དེའི་ཕྱི་ལོ་ལྕགས་བྱི་སྟེ་༡༤༢༠ལོའི་ཟླ་༡༠ པའི་ཚེས་༢༥ ཉིན་དགའ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་གསུམ་དང་ཀྱཻ་རྡོར། དུས་འཁོར། ཚེ་དཔག་མེད། ཀུན་རིག་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་དང་དགོངས་རྫོགས་རྒྱ་ཆེ་བ་བསྒྲུབས་པ་དང་། དུས་མཚུངས་སུ་སྣེའུ་དཔོན་ནམ་མཁའ་བཟང་པོ་བ་ཁུ་དབོན་གྱིས་ཀྱང་ར་ཁ་བྲག་ཏུ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གདན་དྲངས་ཏེ། དགེ་འདུན་མང་པོས་མཆོད་འབུལ་རྒྱ་ཆེར་མཛད་པ་ནས་བཟུང་། དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་རྣམ་དཀར་ལ་བརྩོན་ཞིང་། གླིང་མེ་བཀར་བའི་སྲོལ་བྱུང་། ཕྱིས་སུ་འདི་ཉིད་རིམ་བཞིན་བོད་ཆོལ་ཁ་གསུམ་དུ་དར་བ་དང་། དགའ་ལྡན་ལྔ་མཆོད་ཆེན་མོའི་སྐབས་སུ་ཡུལ་ཕྱོགས་མང་པོའི་རྗེའི་རྗེས་འཇུག་པ་རྒྱ་བོད་ཧོར་སོགས་ཀྱི་དད་ལྡན་གྱི་མཇལ་བ་རྒན་དར་གཞོན་གསུམ་རྣམས་ཀྱིས་དགོན་སྡེ་དང་རྟེན་རྩ་ཆེན་བཞུགས་སའི་ལྷ་ཁང་ལ་ཕྱག་མཆོད་དང་། མཚན་བསྐོར་སོགས་བརྒྱབ་ན་དགེ་བ་ལྡབ་འགྱུར་གྱིས་འཕེལ་བའི་དུས་ཆེན་ཞིག་ལ་བརྩི་བས། ཉིན་དེར་དགེ་བར་འབད་ཅིང་སྡིག་པར་འཛེམ་པའི་ཡུལ་སྲོལ་བཟང་བོ་ཞིག་ཀྱང་དར་ཡོད་ལ། གྲྭ་བཙུན་དང་མཇལ་བ་རྣམས་ཀྱིས་ལག་ཏུ་བདུག་སྤོས་ཁྱེར་ནས་རྗེ་རིན་པོ་ཆེའི་གསོལ་འདེབས་དམིགས་བརྩེ་མ་སྙན་ཞིང་འཇེབས་པའི་དབྱངས་རྟ་རུ་བཀུགས་ནས་མཆོད་མཇལ་དུ་འགྲོ་བའི་སྲོལ་དེང་སང་གི་བར་དུ་མ་ཉམས་པར་གནས་ཡོད།

འདི་ལོ་ཡང་བོད་ནང་དངོས་ཤུགས་བརྒྱུད་གསུམ་ནས་དགའ་ལྡན་ལྔ་མཆོད་སྲུང་བརྩི་ཞུས་ཡོད་ཀྱང་། རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་དམིགས་བསལ་དམ་བསྒྲགས་བྱས་ཡོད་འདུག རྒྱ་གཞུང་གིས་ལྷ་སའི་བར་སྐོར་དུ་འགྲོ་ས་གཅིག་མ་གཏོགས་གཞན་ཚང་མ་བཀག་ཡོད་པ་མ་ཟད། དྲག་དམག་དང་དམག་མི། དེ་བཞིན་ཉེན་རྟོག་པ་འབོར་ཆེན་ཡང་བཀྲམས་ཡོད་འདུག མི་མང་བར་སྐོར་དུ་འགྲོ་དགོས་ཚེ་ཉེན་རྟོག་པས་མི་རེ་རེ་བཞིན་བརྟག་དཔྱད་བྱས་ན་མ་གཏོགས་གཏོང་གི་མེད་པ་དང་བརྙན་ཐུང་ཁག་གི་ནང་དུ་བལྟས་ན་དགའ་ལྡན་ལྔ་མཆོད་ཉིན་བར་སྐོར་དུ་མི་ཐ་རེ་ཐོ་རེ་མ་གཏོགས་མཐོང་རྒྱུ་མིན་འདུག