སྐུ་མགྲོན་རྣམ་པས་སངས་རྒྱས་ཟ་བ། བོད་ཀྱི་གྲོང་རྡལ་ཞིག་གི་འཆི་གསོན་ཞེས་པའི་དཔེ་དེབ་དེ་དབུ་འབྱེད་གནང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༥ ཉིན་རྒྱབ་ཆུ་ཚོད་ ༣ སྟེང་། བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བོད་ཀྱི་དུས་བབ་གསར་ཁང་ནས་ཨ་རིའི་གསར་འགོད་པ་གྲགས་ཅན་བྷ་བྷི་ར་ཌན་སྒྲེ་མེག་ལགས་ཀྱིས་བརྩམས་ཤིང་། ལོ་ཙཱ་བ་བདེ་པོ་འཚོ་ལགས་ཀྱིས་བོད་སྒྱུར་གནང་བའི་བོད་ནང་གི་རང་ལུས་མེར་བསྲེགས་དང་འབྲེལ་བའི་སངས་རྒྱས་ཟ་བ་(Eat The Buddha)ཞེས་པའི་བོད་འགྱུར་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

དེ་ཡང་། དཔེ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་རྣམས་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ལྷན་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཚེ་རྒྱམ་ལགས། སློབ་དཔོན་ཆེན་མོ་ལྡོང་རྒྱལ་ལོ་ལགས། བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་པདྨ་ལགས་བཅས་རེད་འདུག དེ་བཞིན་རྡ་ས་ཁུལ་གྱི་ཤེས་ཡོན་པ་དང་དགེ་འདུན་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ལས་འགུལ་བ་སོགས་མི་གྲངས་༥༠ ཙམ་དཔེ་དེབ་དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་སོང་། དེ་ག་གསར་ཁང་གི་རྩོམ་སྒྲིག་པ་གཞོན་པ་སྐལ་བཟང་སྦྱིན་པས་མཛད་སྒོ་དེ་གཙོ་སྐྱོང་གནང་སོང་།

ཐོག་མར། དཔེ་དེབ་འདིའི་ལོ་ཙཱ་བ་བདེ་པོ་འཚོ་ལགས་ཀྱིས་དཔེ་དེབ་དེ་བོད་བསྒྱུར་གནང་བའི་བརྒྱུད་རིམ་སྐོར་བརྗོད་དོན། ཐོག་མར་གུས་མོས་དཔེ་དེབ་འདི་དབྱིན་ཇིའི་ནང་དུ་ཀློག་སྐབས་ཚོར་བ་ཤུགས་ཆེན་པོ་ཞིག་སྤྲད་སོང་། དེ་བཞིན་དགེ་རྒན་ཆེན་པོ་ཨ་འབྲུག་དཀོན་མཆོག་ལགས་ཀྱིས་དཔེ་དེབ་དེ་དབྱིན་ཇི་ནང་བཀླགས་ནས་དེའི་སྐོར་རྩོམ་ཐུང་ཅིག་བྲིས་ནས་དྲ་ཐོག་ལ་བཞག་རྗེས། བོད་མི་མང་པོ་ཞིག་གིས་དཔེ་དེབ་དེ་བོད་ཡིག་ནང་བསྒྱུར་ཐུབ་ན་ཡག་པོ་འདུག་ཅེས་ཞུས་འདུག དེར་བརྟེན་དགེ་རྒན་ཁོང་གིས་གུས་མོར་དཔེ་དེབ་དེ་བོད་སྐད་ཡིག་ནང་བསྒྱུར་ཐུབ་མིན་སྐོར་སྐད་ཆ་དྲིས་སོང་། རང་ཉིད་ལ་ཆགས་བཞག་ན་ཕྱི་ལོ་༢༠༡༢་ལོར་གུས་མོའི་སྤུན་ཆུང་རང་ལུས་མེར་བསྲེགས་བཏང་བ་རེད། དེ་བཞིན་རིག་གནས་གསར་རྗེས་སྐབས་སུ་རང་ཉིད་ཀྱི་ཨ་མྱེས་སམ་སྤོ་ལགས་རྒྱ་དམར་གིས་མེ་མདའ་བརྒྱབས་ནས་དཀྲོགས་པ་རེད། དེར་བརྟེན་འདི་ནི་གོ་སྐབས་ཤིག་རེད་བསམས་ནས་དཔེ་དེབ་དེ་སྒྱུར་རྒྱུའི་ཁས་ལེན་བྱས་པ་ཡིན། ཞེས་བརྗོད་སོང་།

འདི་ག་གསར་ཁང་ནས་ལོ་ཙཱ་བ་བདེ་པོ་འཚོ་ལགས་ལ་དཔེ་དེབ་འདི་སྒྱུར་སྐབས་དཀའ་ངལ་གང་འཕྲད་ཡོད་མིན་སྐོར་ལ་དྲིས་པས་ཁོང་མོས་དེབ་འདི་སྒྱུར་སྐབས་རང་ཉིད་མཐོ་སློབ་ཀྱི་ཞིབ་འཇུག་རྩོམ་ཡིག་འབྲི་བཞིན་པའི་སྒང་རེད། དཔེ་དེབ་འདིའང་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་བསྒྱུར་དགོས་དུས་དུས་ཚོད་མི་འདང་བའི་དཀའ་ངལ་འཕྲད་སོང་། དེ་བཞིན་མ་དེབ་ནང་གོ་བ་རྟོགས་དཀའ་བ་དེ་འདྲ་འཕྲད་དུས་ཡིག་ཆ་ཁག་ལ་བཙལ་ཀྱང་མི་རག་པའི་དཀའ་ངལ་ཡང་འཕྲད་སོང་། ཅེས་འགྲེལ་བརྗོད་གནང་སོང་།

དེ་ནས་སྐུ་མགྲོན་རྣམ་པས་སངས་རྒྱས་ཟ་བ། བོད་ཀྱི་གྲོང་རྡལ་ཞིག་གི་འཆི་གསོན་ཞེས་པའི་དཔེ་དེབ་དེ་དབུ་འབྱེད་གནང་སོང་། དཔེ་དེབ་རྩོམ་པ་པོ་ལྕམ་བྷར་བྷ་ར་སྒྲེ་མེག་ (Barbara Demick) ལགས་ནི་ཨ་རིའི་གསར་འགོད་པ་གྲགས་ཅན་ཞིག་ཡིན་ཞིང་། ཁོང་མོ་ནི་ལོ་སི་ཨན་ཇི་ལིའི་གསར་ཁང་(the Los Angeles Times) གི་གསར་འགོད་པ་དང་ནེའུ་ཡོག་དུས་བབ་ཀྱི་གསར་གནས་མཐུན་སྦྱོར་པ་ཡིན་འདུག ཁོང་མོས་<<ཡིད་སྨོན་འཆོར་དགོས་ས་གང་ཡང་མི་འདུག བྱང་ཀོ་རེ་ཡའི་ནང་གི་ཕལ་བའི་མི་ཚེ།>>ཞེས་པའི་དཔེ་དེབ་བརྩམས་ཡོད་འདུག དཔེ་དེབ་འདི་ཨ་རིའི་རྒྱལ་ཡོངས་དཔེ་དེབ་བྱ་དགའ་དང་རྒྱལ་ཡོངས་དཔྱད་གླེང་རྩོམ་ཡིག་གི་བྱ་དགའི་རྟིང་རྩོད་རིམ་པའི་ནང་དུ་སླེབས། དབྱིན་ཡུལ་ནས་དཔེ་དེབ་དེར་ས་མེལ-ཇོན་སོན་བྱ་དགའ(Samel Johnson Prize)ཐོབ་ཡོད་འདུག ད་དུང་ཁོ་མོས་<<ལོ་གྷ་ཝི་ན་སྲང་ལམ། ས་ར་ཇེ་ཝའི་གྲོང་སྡེ་ཞིག་གི་འཆི་གསོན།>>ཞེས་ པའི་དཔེ་དེབ་ཞིག་ཀྱང་བརྩམས་གནང་ཡོད་འདུག ཁོང་མོའི་དཔེ་དེབ་རྣམས་འཛམ་གླིང་གི་སྐད་རིགས་ཉི་ཤུ་རྩ་ལྔ་ལྷག་གི་ནང་དུ་བསྒྱུར་ཡོད་འདུག

དེ་ནས་པདྨ་མཚོ་ལགས་ཀྱིས་གསར་འགོད་པ་ཞིག་གིས་ངོས་ནས་དཔེ་དེབ་དེ་མཐོང་སྣང་ཞེས་པའི་བརྗོད་གཞི་ཐོག་ནས་གཏམ་བཤད་གནང་དོན། སངས་རྒྱས་ཟ་བ་ཞེས་པའི་དེབ་འདི་ཡིས་ཕྱི་ལོ་༢༠༠༩་ནས་བཟུང་བོད་ནང་རང་ལུས་མེར་བསྲེགས་གནང་བའི་གནས་ཚུལ་རྣམས་ལ་ཁ་སྐོང་དང་ཁ་སྣོན་ཤུགས་གནང་ཡོད། དེ་བཞིན་རྒྱ་གཞུང་གིས་ཕྱི་ལོ་༢༠༡༢ ལོར་རང་ལུས་མེར་བསྲེགས་གནང་མཁན་རྣམས་ནི་སེམས་པ་ཐང་ཐང་མེད་པ་དང་། ནད་པ་ཡིན་པ། བཟའ་ཚང་མ་འགྲིག་ནས་རང་ལུས་མེར་བསྲེགས་བཏང་བའི་སྐོར་ཁྱབ་བསྒྲགས་རྫུན་མང་པོ་བཏང་ནས་རང་ལུས་མེར་བསྲེགས་ནི་ཆབ་སྲིད་དང་འབྲེལ་མེད་བཟོ་ཐབས་བྱས་ཡོད། འོན་ཀྱང་དཔེ་དེབ་འདི་བརྒྱུད་ནས་རྒྱ་གཞུང་གི་གནས་ཚུལ་དེ་དག་རྫུན་མ་ཡིན་པའི་དཔག་རྟགས་བཏོན་ཡོད། ཅེས་བརྗོད་སོང་།

དེ་ནས་ཚེ་རྒྱམ་ལགས་ཀྱིས་དཔེ་དེབ་དེ་ཐོག་མ་དབྱིན་ཇིའི་ནང་དུ་རྩོམ་སྐབས་འདས་པོ་སྤྲོ་ཚིགས་ཆོས་གྲགས་ལགས་བརྒྱུད་ནས་རྩོམ་པ་པོ་དང་འབྲེལ་བ་བྱུང་བའི་སྐོར་དང་། དེ་ནས་ཁོང་རང་དེའི་ནང་དུ་ཆ་ཤས་ལེན་པའི་སྐོར། ཁོང་གིས་དཔེ་དེབ་འདིའི་ནང་རྔ་བ་ནི་དཔེ་མཚོན་ཙམ་ཞིག་ཡིན་པ་དང་རྔ་བ་ལ་བྱུང་བའི་གནས་སྟངས་དེ་བོད་ས་ཡོངས་རྫོགས་བྱུང་ཡོད་རེད། ཅེས་འགྲེལ་བརྗོད་གནང་སོང་།

དེའི་རྗེས། རྒྱལ་ལོ་ལགས་ཀྱིས་རང་ལུས་མེར་བསྲེགས་ནི་བོད་ཀྱི་འཐབ་རྩོད་ཚད་མཐོ་ཤོས་དེ་ཡིན་པ་དང་། ཁོང་རང་བོད་ནང་ཡོང་སྐབས་རང་ལུས་མེར་བསྲེགས་གནང་མཁན་གྱི་མི་ལྔ་ལ་ཐུག་ཡོད་པ་དང་། སྐབས་དེར་ཁོ་ཚོས་གསུང་དོན་ལ་ང་ཚོའི་རྒྱབ་ལོག་གང་མི་འདུག་ཅེས་གསུངས་མྱོང་།་དེ་དུས་ཁོང་གིས་རང་ལུས་མེར་བསྲེགས་གནང་མཁན་རང་ཉིད་བོད་རྒྱལ་ཁབ་ཆེད་དུ་གཅིག་བྱས་ཡོད་བསམས་ན་རང་ཉིད་ཤི་ན་སེམས་བདེ་པོ་རེད། ཅེས་བརྗོད་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང་། དེ་ནས་རྒྱལ་ལོ་ལགས་ཀྱིས་ཝེ་ནམ་ནང་དུ་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་ནས་དམག་འཁྲུག་མཚམས་བཞག་ཐུབ་པ་བྱུང་ཡོད། འོན་ཀྱང་། བོད་མི་༡༥༦ རང་ལུས་མེར་བསྲེགས་བཏང་ཡོད་ཀྱང་འགྱུར་བ་གཏོང་ཐུབ་མེད། དེ་གང་ཡིན་ཟེར་ན་རང་ལུས་མེར་བསྲེགས་གཏོང་ས་དེ་དམངས་གཙོའི་རྒྱལ་ཁབ་ནང་བྱུང་བ་རེད། དམངས་གཙོའི་ནང་དུ་དེ་ལྟར་བྱས་ན་ཡག་པོ་མི་འདུག་བརྗོད་ནས་དམག་མཚམས་བཞག་པ་རེད། འོན་ཀྱང་། ང་ཚོ་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་ས་དེ་དམར་ཕྱོགས་རྒྱལ་ཁབ་རེད། དེར་བརྟེན་འབྲས་བུ་མ་ཐོན་པ་རེད་ཅེས་བརྗོད་སོང་། ཁོང་གིས་ཅི་ཕྱིར་རྔ་བར་རང་ལུས་མེར་བསྲེགས་གཏོང་མཁན་མང་པོ་བྱུང་བ་རེད་དམ། དེ་གཙོ་བོ་ནི་དེ་ཡོད་བོད་མི་ཚོ་རང་ཉིད་བླ་མར་དད་པ་དང་མི་རིགས་ཞེན་ཁོངས་ཡོད་པའི་རྟགས་ཡིན། རང་ལུས་མེར་བསྲེགས་ལ་བརྟེན་ནས་མདོ་དབུས་ཁམས་གཅིག་འགྱུར་ཆགས་པ་རེད། ཅེས་བརྗོད་སོང་།

མཐའ་མར། ཟླ་བ་ཚེ་རིང་ལགས་ཀྱིས་དཔེ་དེབ་འདི་ནི་རང་ལུས་མེར་བསྲེགས་གཅིག་པོ་མིན་པ་དེང་རབས་ལོ་རྒྱུས་ཀྱི་དེབ་ཅིག་རེད་འདུག རང་ལུས་མེར་བསྲེགས་གནང་མཁན་ཚོས་གནང་ཚར་བ་རེད། ད་གསོན་སྡོད་པའི་བོད་མི་རྣམས་ཀྱིས་འཐབ་རྩོད་མུ་མཐུད་ནས་གནང་དགོས། ང་ཚོའི་མི་རིགས་ཀྱི་དཔའ་བོ་རྣམས་ཡང་སྲིད་རྗེས་དྲན་གནང་དགོས། འཐབ་རྩོད་ཅེས་པ་འདི་ཚིག་གཉིས་ལས་འཐབ་ཅེས་པ་ནི་དགྲ་བོར་འཐབ་པ་དང་རྩོད་ཅེས་པ་ནི་རང་ཉིད་ཀྱི་ཁེ་ཕན་(བོད་རང་དབང་)་རྩོད་པར་གོ་དགོས། ཞེས་བརྗོད་སོང་།

སངས་རྒྱས་ཟ་བ་ཞེས་པའི་དཔེ་དེབ་འདིའི་ནང་དུ། ཕྱི་ལོ་ ༡༩༣༠ ནས་ ༢༠༢༠ བར་ སྟེ་ཁྱོན་མི་ལོ་དགུ་བཅུ་ཙམ་གྱི་རིང༌། བོད་ཤར་ཕྱོགས་མདོ་སྨད་རྔ་བ་ས་ཁུལ་དུ་བྱུང་བའི་ཆབ་སྲིད་ཀྱི་དོན་རྐྱེན་དང་འབྲེལ་བའི་བྱུང་བ་སྤྱི་དང༌། དེ་དག་གི་རྒྱབ་ལྗོངས། དོན་རྐྱེན་དེ་དག་ས་ཁུལ་དེའི་མི་སྒེར་གྱི་མི་ཚེ་དང༌། བོད་སྤྱིའི་སྲིད་དོན་གནས་བབ་ལ་ཉེ་རྒྱང་གཉིས་ནས་ཇི་ལྟར་འབྲེལ་ཚུལ་བཅས་རུས་སྒྲོམ་དུ་བཟུང་ཞིང༌། དུས་ སྐབས་སོ་སོའི་ཆབ་སྲིད་ཀྱི་རླུང་འཚུབ་ཁག་གིས་ཁ་ཕྱོགས་བསྒྱུར་བའི་ས་ཁུལ་དེའི་འཚོ་བའི་ཕྱོགས་ངོས་སོ་སོའི་ཁ་དོག་དང་སེམས་ཚོར་རྣམས་ཤ་ཁྲག་ཏུ་བྱས་ཏེ་རྔ་བ་ས་ཁུལ་གྱི་དཀའ་ཉེན་དང་འཐབ་རྩོད་ཀྱི་བྱུང་རིམ་སྐོར་བྲིས་ཡོད་འདུག

དེ་བཞིན་རྩོམ་པ་པོས་གནད་དོན་དེ་དག་འཚོལ་ཞིབ་དང་གསར་རྩོམ་བྱེད་ཆེད་རྔ་བའི་ཕྱོགས་སུ་ཐེངས་གསུམ་ལ་བསྐྱོད་ཅིང་། འབྲེལ་ཡོད་མི་སྣ་མང་པོ་ཞིག་ལ་ཐེངས་དུ་མར་ བཅར་འདྲི་བརྒྱུད་ནས་གནས་ཚུལ་རྟོག་ཞིབ་དང་། བྱུང་བ་འབྲི་བརྗོད་བྱས་ཡོད་ པས། ད་བར་གནས་ཚུལ་ཤེས་རྟོགས་མ་བྱུང་བ་དང༌། བརྗོད་མ་ཐུབ་པ་མང་པོ་ཞིག བསྔོགས་འདོན་དང༌། ཞིབ་བརྗོད་བྱས་ཡོད་པ་དང༌། ལྷག་པར་དུ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱེད་མཁན་མང་པོ་ཞིག་གི་ཁྱིམ་རྒྱུད་དང་ཕན་ཚུན་བར་གྱི་འབྲེལ་བ་ཁྱད་པར་ཅན་ལ་དམིགས་བསལ་དོ་སྣང་དང༌། ལོ་རྒྱུས་ཀྱི་དོན་རྐྱེན་དང་སྤྱི་ཚོགས་ཀྱི་གནས་བབ་དག་ལ་ཟུར་མང་པོ་ནས་ལྟ་ཞིབ་གཏིང་ཟབ། གནས་ཚུལ་དེ་དག་དང་ད་ལྟའི་ཡུལ་མི་ཚོའི་སེམས་ཁམས་ཀྱི་འབྲེལ་བ་བཅས་ལ་རྟོག་ཞིབ་མཐུད་སྦྱོར་བྱས་ཏེ། རྩོམ་པ་པོ་རང་ཉིད་ཀྱིས་དངོས་མཐོང་དང༌། ཉམས་སུ་མྱངས་པའི་བརྒྱུད་རིམ་གྱི་ཐོག་ནས་འབྲི་རྩོམ་བྱས་ཡོད་འདུག