བཙན་བྱོལ་གྱི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༤ ཟླ་༩ ཚེས་༢༣ ཉིན། བཞུགས་སྒར་རྡ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ། རྡ་ས་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བརྒྱད་ནས་ཨོ་གླིང་ལྷོ་ཕྱོགས་ས་ཁུལ་གྱི་གྲོང་འཁྱེར་ཨ་ཌེལ་ལེ་ཌེ་ (Adelaide) ཞེས་པར་གནས་སྡོད་བྱེད་བཞིན་པའི་དངོས་མིང་ལ་སེང་གེ་དང་། དྲ་མིང་གངས་སེང་ཟེར་མཁན་ཞིག་གིས་ཉེ་ཆར་༸སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་མཚན་སྨད་དང་དེ་བཞིན་༧མགོན་པོ་གང་གི་སྐུ་སྲོག་ལ་འཇིགས་སྐུལ་བྱས་པ་མ་ཟད། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ལ་དགྲ་བོའི་འདུ་ཤེས་བཟུང་སྟེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཏོར་བཤིག་གཏོང་བའི་བསམ་ངན་སྦྱོར་རྩུབ་ཀྱིས་བརྒྱུད་སྐུལ་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་འགྲེལ་བརྗོད་བྱས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཐོག བཞུགས་སྒར་རྡ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། དབུས་བོད་ཀྱི་བུད་མེད་ལྷན་ཚོགས། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་། དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་། མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་། བོད་ལྗོངས་མདོ་སྨད་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ལས་ཁང་བཅས་ཐུན་མོང་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། སྐབས་དེར། གོང་གི་ཚོགས་མི་ཁག་གི་ཚོགས་གཙོ་དང་ཚོགས་མི། མི་མང་སོགས་ཕེབས་འདུག

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས་ཚོགས་པ་བརྒྱད་ཀྱི་ངོ་རྒོལ་གྱི་བསྒྲགས་གཏམ་ཀློག་དོན། འགྲོ་བ་ལྷ་དང་བཅས་པའི་མ་འདྲེས་པའི་མཛའ་བཤེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཡིད་བཞིན་ནོར་བུ་ ཆེན་པོ་མཆོག་ནས། སྐུ་ངལ་མཛད་མེད་ཀྱིས་གངས་ཅན་བསྟན་འགྲོའི་ཕན་བདེ་རྨང་ནས་གསོས་ཤིང་། འཛམ་གླིང་སྐྱེ་འགྲོ་མཐའ་དག་ལ་འཚེ་མེད་ཞི་བདེའི་ལམ་བཟང་གསལ་བར་མཛད་ཅིང་། ངེད་ཅག་གངས་ཅན་པ་རྣམས་ལ་ཆོས་སྲིད་གཉིས་ཐད་ནས་བཀའ་དྲིན་གྱིས་བསྐྱངས་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད།

འོན་ཀྱང་། ཉེ་ཆར་ཨོ་གླིང་ལྷོ་ཕྱོགས་ས་ཁུལ་གྱི་གྲོང་འཁྱེར་ཨ་ཌེལ་ལེ་ཌེ་ (Adelaide) ཞེས་པར་གནས་སྡོད་བྱེད་བཞིན་པའི་དངོས་མིང་ལ་སེང་གེ་དང་། དྲ་མིང་གངས་སེང་ཟེར་མཁན་ཞིག་སྙིང་ཁམས་གདོན་གྱིས་བརླན་ཏེ། རང་ཅག་གངས་ཅན་པ་ཡོངས་ཀྱི་དཔྲལ་བའི་མིག་དང༌། ཁོག་པའི་སྙིང་ལྟ་བུ་༸ གོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་ཚད་ལས་བརྒལ་བའི་མཚན་སྨད་དང༌། ༧མགོན་པོ་གང་གི་སྐུ་སྲོག་ལ་འཇིགས་སྐུལ་བྱས་པ་མ་ཟད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དགྲ་བོའི་འདུ་ཤེས་བཟུང་སྟེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཏོར་བཤིག་གཏོང་བའི་བསམ་ངན་སྦྱོར་རྩུབ་ཀྱིས་བརྒྱུད་སྐུལ་བྱས་པར། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བརྒྱད་ཀྱི་ཁྱབ་ཁོངས་རྒྱ་ཆེའི་མི་མང་ཡོངས་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

མིང་ལ་སེང་གེ་ཟེར་བས་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་མགོན་སྐྱབས་དམ་པ། སྤྱི་ནོར་༧ གོང་ ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྲོག་ལ་དོ་ཕོག་གཏོང་སེམས་ཀྱིས་སྒྲ་གཟུགས་གཉིས་ཐོག་ནས་མཚན་སྨད་བསམ་ཡུལ་ལས་འདས་པ་བྱས་པས། ཚོགས་པ་བརྒྱད་ཀྱི་ངོས་ནས་ཁོ་བོད་མི་རིགས་ཀྱི་ཆིག་སྒྲིལ་གཏོར་བཤིག་པ་དང་འཇིགས་སྐུལ་བར་ངོས་འཛིན་ཐོག་གནས་ཡུལ་རྒྱ་གར་གཞུང་དང༌། ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་ལ། ཁོས་སྤྱི་ཚོགས་སུ་བཀྲམ་པའི་སྒྲ་གཟུགས་གཉིས་དང༌། ཁོའི་ལོ་རྒྱུས་སོགས་མཁོ་སྤྲོད་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་བདེ་འཇགས་དང་འབྲེལ་བའི་ཐོག རྒྱ་གར་ལ་ཡོང་མི་འཇུག་པར་འབོད་སྐུལ་ཞུ་རྒྱུ་ཡིན།

འཇིགས་སྐུལ་བ་སེང་གེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཇིགས་སྐུལ་བྱས་པའི་བྱ་སྤྱོད་འདིར་རྒྱལ་སྤྱི་དང་། གནས་ཡུལ་རྒྱལ་ཁབ་ཀྱིས་འཇིགས་སྐུལ་བར་ངོས་འཛིན་གང་ཡོད་ལྟར། དབུས་བོད་མིའི་སྒྲིག་འཛུགས་གཙོས་འབྲེལ་ཡོད་ནས་ཁྲིམས་གཏུགས་ཞུ་དགོས་པར་འབོད་སྐུལ་དང༌། ཁྲིམས་གཏུགས་སོགས་ལས་འགུལ་གང་སྤེལ་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བརྒྱད་ནས་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་ཡིན།

མིང་ལ་སེང་གེ་ཟེར་བའི་བཀའ་དྲིན་བསམ་མེད་ཀྱི་མི་དེའི་རྒྱབ་ལྗོངས་རྩད་གཅོད་དང་འབྲེལ་ཡོད་སུ་ཡོད། བདེ་སྲུང་གཙོས་འབྲེལ་ཡོད་ཁག་ནས་ཞིབ་དཔྱོད་ནན་འདྲོངས་དང༌། དེ་རིགས་རྒྱ་ཡན་དུ་མི་གཏོང་བར་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།