༢༠༡༩་ལོའི་ཟླ་༡༢་ཚེས་༣༡་ཉིན། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ནས་བོད་མི་བཙན་བྱོལ་བ་དཔལ་ཆེན་དབང་རྒྱལ་ལགས་ལ། བོད་ནས་ཡོང་སྐབས་ལམ་བར་གྱི་དཀའ་ངལ་དང་། རྒྱ་གར་དུ་འབྱོར་རྗེས་ཀྱི་སློབ་སྦྱོང་གི་གོ་སྐབས་དང་འཚོ་བ་སོགས་ཀྱི་ཐད་ལ་བཅར་འདྲི་བྱས་ཡོད།
༡༽ ཁྱེད་རང་ངོ་སྤྲོད་དང་བོད་ནང་དུ་བཞུགས་སྐབས་ཀྱི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། ངའི་མིང་ལ་དཔལ་ཆེན་དབང་རྒྱལ་ཟེར། ངའི་ཕ་མ་གཉིས་ནི་ཁམས་སྡེ་དགེ་འཇོ་མདའ་ནས་ཡིན། ང་༡༩༨༥ལོར་ཁམས་སྡེ་འཇོ་མདའ་ལ་སྐྱེས། ང་རང་ལོ་གཉིས་ཡིན་སྐབས། ཕ་མ་དང་ལྷན་དུ་ལྷ་སར་སྤོས། པ་ལགས་རྒྱ་གཞུང་གི་ལས་བྱེད་ཡིན། ཡངས་པ་ཅན་ནས་གློག་བཟོ་ཡི་ལས་ཀ་བྱས། ཨ་མ་ལགས་ཀྱིས་ནང་དུ་ང་ཚོ་སྤུན་མཆེད་ལྔ་ཡོད་པ་རྣམས་ལ་ལྟ་རྟོག་བྱས་ནས་བསྡད། ང་རང་རྒྱ་གཞུང་གིས་བཙུགས་པའི་ལྷ་སའི་སློབ་ཆུང་དང་སློབ་འབྲིང་ལ་འགྲོ་བའི་གོ་སྐབས་བྱུང་། ང་ལོ་བདུན་དང་བརྒྱད་ལ་སླེབས་པའི་སྐབས་སུ། ངའི་པ་ལགས་ལས་ཀ་བྱེད་ཡུལ་ནས་གློག་སྐས་ནས་མར་ཟགས་ནས་རྐང་པ་ཆགས། དེ་ནས་རྐང་པར་གཉན་ཁ་བརྒྱབ་ནས་སྨན་ཁང་མང་པོའི་ནང་དུ་བསྟན་ཀྱང་། དྲག་སྐྱེད་མ་བྱུང་བར་འདས་གྲོངས་སུ་ཕྱིན། དེའི་རྗེས། ཨ་མ་ཡིས་ང་ཚོ་སྤུན་མཆེད་མང་པོ་ཞིག་ལ་ལྟ་རྟོག་བྱེད་དགོས་དུས་དཀའ་ངལ་མང་པོ་འཕྲད་སོང་། ཨ་མའི་སྤུན་མཆེད་མང་ཆེ་ནི་ཁམས་ལ་ཡོད་སྟབས་རོགས་བྱེད་མི་ཐུབ་པ་དང་། ལྷ་སར་འཚོ་བ་སྐྱེལ་དགོས་དུས་དཀའ་ངལ་མང་པོ་འཕྲད། འོན་ཀྱང་། ཨ་མའི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་སློབ་ཆུང་དང་སློབ་འབྲིང་འགྲིམས་ཐུབ་སོང་། དེ་ནས་༡༩༩༩་ལོར་ང་ཚོ་རྒྱ་གར་ལ་སླེབས།
༢༽ཁྱེད་རང་ཐོག་མར་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་ནམ་དམིགས་ཡུལ་གཙོ་བོ་དེ་གང་ཡིན་ནམ།
༡༩༨༥-༦་ལོར་ངའི་ཨ་ཁུས་བལ་ཡུལ་དུ་ཚོང་བརྒྱབ་ནས་བསྡད་ཡོད་རེད་ཟེར། དེ་ནས་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་ནས་བལ་ཡུལ་བཙོན་ཁང་དུ་ལོ་མང་པོ་བཅུག་པ་རེད་ཟེར། བཙོན་ཁང་ནས་གློད་གྲོལ་བཏང་རྗེས། རྒྱ་གར་དུ་སླེབས་ནས་སྦི་རི་གཞིས་ཆགས་སུ་འཚོ་བ་སྐྱེལ་ནས་བསྡད་འདུག ཨ་ཁུ་ཡིས་བོད་ལ་འབྲེལ་བ་བྱས་ནས་ང་ཚོ་རྒྱ་གར་ལ་སླེབས་ཐུབ་ན་ཡག་པོ་ཡོད་པ་དང་། ༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་སློབ་སྦྱོང་བྱེད་པའི་གོ་སྐབས་དང་གང་སྤྱིའི་ཐད་ནས་ཡག་པོ་ཡོད་རེད། ཅེས་ང་ཚོའི་ཕ་ཡུལ་གཅིག་པ་རྒྱ་གར་ནས་བོད་ལ་སླེབས་མཁན་ཞིག་ལ་ལན་སྐུར་འདུག ད་དུང་། ཨ་ཁུ་ཁོ་རང་གི་ཁང་པ་དང་སློབ་གྲྭའི་པར་ཁ་ཤས་ཀྱང་པར་བརྒྱབ་ནས་སྐུར་འདུག དེ་ནས་ངའི་ཨ་མ་ལགས་ཀྱིས་རྒྱ་གར་ལ་སོང་ན་ཡག་པོ་ཡོད་ས་རེད་ཟེར་ནས། ང་ཚོ་སྤུན་མཆེད་བཞི་རྒྱ་གར་ལ་གཏོང་རྒྱུ་བྱས། སྤུན་མཆེད་ཆུང་ཤོས་དེ་ཨ་མ་ལགས་ཀྱི་མཉམ་དུ་འཇོག་རྒྱུ་བྱས། འོན་ཀྱང་། སྤུན་མཆེད་ཆུང་བས་ཁོ་རང་གི་སྤུན་མཆེད་ཆེ་བ་ཚང་མ་རྒྱ་གར་ལ་འགྲོ་ཡི་ཡོད་ཙང་། ཁོ་རང་ཡང་འགྲོ་རྒྱུ་ཡིན་ཟེར་ནས་ངུ་མཐར་ཁོ་རང་ཁྲིད་རྒྱུ་བྱས། དེ་ནས་ང་ཚོ་སྤུན་མཆེད་ལྔ་རྒྱ་གར་ལ་གཏོང་རྒྱུ་བྱས། ཨ་མས་གཙོ་བོ་དེ་རྒྱ་གར་ལ་སླེབས་ནས་བོད་སྐད་ཡིག་དང་རིག་གཞུང་སྦྱོང་རྒྱུའི་གོ་སྐབས་རེག་གི་རེད། ལྷ་སར་བསྡད་ན་རྒྱ་ཡིག་མ་གཏོགས་སྦྱོང་རྒྱུ་རེག་གི་མེད་ཙང། རྒྱ་མི་ནང་བཞིན་ཆགས་འགྲོ་ཡི་རེད་ཅེས་ཟེར་ནས་རྒྱ་གར་ལ་བཏང་བ་རེད།
༣༽ ཁྱེད་རང་བཙན་བྱོལ་དུ་ཡོང་སྐབས་ལམ་གང་དག་བརྒྱུད་ནས་ཡོང་བ་ཡིན་ནམ།
ཨ་མས་ང་ཚོ་རྒྱ་གར་ལ་གཏོང་རྒྱུའི་ཐག་གཅོད་བྱས་རྗེས། ཨ་མས་རྒྱ་གར་ལ་འགྲོ་མཁན་ཡོད་མེད་ཐབས་ཤེས་འདྲ་མིན་བཏང་མཐར། དེའི་སྔོན། ང་ཚོར་ཨ་ཁུའི་ལན་སྐྱེལ་མཁན་ཕ་ཡུལ་གཅིག་པ་དེ་སླར་ཡང་རྒྱ་གར་ལ་འགྲོ་རྒྱུ་རེད་འདུག ཁོ་རང་བོད་དང་རྒྱ་གར་བར་ལ་ཐེངས་མང་པོ་འགྲོ་མྱོང་ཞིང་། ང་ཚོ་མཉམ་དུ་འགྲོ་སྐབས་ཐེངས་ཉེར་ལྔ་པ་དེ་རེད་འདུག ཁོ་རང་གིས་གླ་ཆ་བླངས་ཏེ་བོད་ནས་རྒྱ་གར་ལ་མི་སྐྱེལ་གྱི་འདུག དེ་ནས་ཁོ་བརྒྱུད་ནས་ང་ཚོ་རྒྱ་གར་ལ་གཏོང་རྒྱུ་བྱས་པ་རེད། ང་ཚོ་དགུན་ཁར་འགྲོ་རྒྱུ་བྱས། དེ་ནས་གྱོན་གོས་མཐུག་པོ་དང་ཁ་ལག་ཚང་མ་གྲ་སྒྲིག་བྱས། ཕལ་ཆེར་༡༩༩༩ལོའི་ཟླ་༡༡-༡༢་ནང་དུ་རྒྱ་གར་ལ་ཐོན་རྒྱུའི་གྲ་སྒྲིག་བྱས། ང་ཚོ་དགུན་ཁ་ཡོང་དགོས་དོན་ནི་དགུན་ཁ་གནམ་གཤིས་གྲང་པོ་ཡིན་ཙང་། བོད་བལ་ས་མཚམས་ལ་རྒྱ་མི་དམག་མི་གྲང་ངར་གྱིས་བསྡད་ཐུབ་ཀྱི་མེད་ཙང། རྒྱ་གར་འགྲོ་རྒྱུར་གོ་སྐབས་ཡག་པོ་ཡོད། ང་ཚོ་ལྷ་ས་རང་ནས་༡༩༩༩་ལོའི་ཟླ་༡༠་ཚེས་༡༥་ཙམ་ཞིག་ལ་ཐོན། ལྷ་ས་ནས་གཞིས་ཀ་རྩེ་བར་དུ་རྒྱ་མིའི་རླུང་འཁོར་ཆེན་པོ(ཏོང་ཧྥོང་)ཞིག་གི་ནང་དུ་སླེབས་པ་ཡིན། གཞིས་ཀ་རྩེ་ནས་བཀྲ་ཤིས་ལྷུན་པོ། དེ་ནས་བལ་ཡུལ་བར་དུ་གོམ་པ་བརྒྱབ་ནས་སླེབས། ང་ཚོའི་སྡེ་ཚན་ནང་དུ་ལྷ་ས་དང་། ཁམས་གོ་འཇོ། ལམ་ཁྲིདབཅས་བསྡོམས་ན་མི་སུམ་ཅུ་སོ་དྲུག་ཡས་མས་ཤིག་ཡོད། དེའི་ནང་ནས་མི་བདུན་བརྒྱད་ཅིག་མི་རྒན་པ་རེད། གཞན་ཚང་མ་བྱིས་པ་ལོ་དྲུག་བདུན་བརྒྱད་དགུ་རྐྱང་རེད། གཞིས་ཀ་རྩེ་ནས་གཉའ་ལམ་བར་དུ་གོམ་པ་བརྒྱབ། དེ་ནས་ས་སྐྱ་མ་སླེབས་གོང་དུ་འགག་སྒོ་ཆེན་པོ་ཞིག་འདུག དེ་ནས་རྒྱ་དམག་གིས་ང་ཚོ་འཛིན་བཟུང་བྱས་སོང་། ང་ཚོ་སླེབས་ནས་ཉིན་བཅོ་ལྔ་ཕལ་ཆེར་ཕྱིན། རང་འཇགས་གཞིས་ཀ་རྩེར་མར་སྐྱེལ་སོང་། རོང་ཤར་བརྒྱུད་ནས་ཡོང་བ་རེད། ང་ཚོ་བལ་ཡུལ་མ་སླེབས་བར་དུ་ཁྱོན་ཉིན་མ་༤༥་འི་རིང་ལ་གོམ་པ་བརྒྱབ་ཡིན།
༤༽ ཁྱེད་རང་བཙན་བྱོལ་དུ་ཡོང་སྐབས་དུས་ཚོད་ག་ཚོད་འགོར་བ་དང་དཀའ་ངལ་གང་དང་གང་འཕྲད་བྱུང་ངམ།
ས་སྐྱ་འགོག་སྒོ་ཆེན་པོ་ཡོད་སར་ཟམ་ཆེན་ཞིག་འདུག ཟམ་པ་དེའི་ཐོག་ན་རྒྱ་མིའི་དམག་མི་ཁེངས་འདུག དེ་ནས་ང་ཚོའི་ལམ་ཁྲིད་པས་མཚན་མོར་ཆུའི་སྒང་འཁྱགས་རོམ་ཆགས་ཡོད་ཙང། དེའི་སྒང་ལ་འགྲོ་ཟེར། དེ་ནས་མཚན་མོ་འཁྱགས་རོམ་སྒང་ནས་འགྲོ་ཐབས་བྱས་ཀྱང་། སྟབས་མ་ལེགས་པ་ཞིག་ལ་རྒྱ་མི་ཉེན་རྟོག་པས་ཧ་གོ་ནས་ང་ཚོ་འཛིན་བཟུང་བྱས་སོང་། དེ་ནས་ས་སྐྱའི་ཉེན་རྟོག་པས་ང་ཚོ་གཞིས་ཀ་རྩེའི་ཉེན་རྟོག་པར་རྩིས་སྤྲད་ནས་ང་ཚོ་གཞིས་ཀ་རྩེར་ཁྲིད་སོང་། ཉེན་རྟོག་པས་ང་ཚོ་ག་བར་འགྲོ་ཡི་ཡིན་ཞེས་དྲིས་བྱུང་། ང་ཚོས་ཆོས་མཇལ་འགྲོ་རྒྱུ་ཡིན་པ་བཤད། དེ་ནས་ཁོ་ཚོས་ང་ཚོ་གཞིས་ཀ་རྩེར་གློད་གྲོལ་བཏང་ནས་ཁྱོད་ཚོ་ཡང་བསྐྱར་འགྲོ་ན་འགྲིག་གི་མ་རེད་ཟེར། དེ་ནས་ང་ཚོ་ལམ་ཁ་གཞན་པ་བརྒྱུད་ནས་འགྲོ་རྒྱུ་བྱས། རོང་ཤར་བརྒྱུད་ནས་ཡོང་བ་རེད། ང་ཚོ་ལམ་ཁྲིད་པས་སྤྱིར་བོད་ནས་བལ་ཡུལ་བར་དུ་ཉིན་༡༨་མ་གཏོགས་འགོར་གྱི་མ་རེད་ཟེར། དེ་བཞིན་ང་ཚོ་ཉིན་༡༨་ལ་འདང་པའི་ཁ་ལག་གྲ་སྒྲིག་བྱས་ཡོད། འོན་ཀྱང་། ང་ཚོ་གཞིས་ཀ་རྩེ་དང་ས་སྐྱ་བར་བཅས་ལ་ཉིན་༡༨་འགོར་ཡོད་ཙང། ང་ཚོའི་ཁ་ལག་མང་ཆེ་བ་རྫོགས་ཚར་སོང་། སྟབས་བདེ་ཐུག་པ་ཁ་ཤས་ཤིག་མ་གཏོགས་ལྷག་མི་འདུག དེ་ནས་ང་ཚོ་གྲོང་གསེབ་ཁག་གི་ནང་དུ་སློང་ཞོར་ཡོང་ཡིན། མི་ཁ་ཤས་ཤིག་གིས་ཁ་ཟས་ཡག་པོ་སྤྲད་སོང་། ཁ་ཤས་ཤིག་གིས་ཁོ་རང་ཚོ་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་ཀྱི་རེད་བསམས་ནས་ཞེད་སྣང་གིས་ཁ་ལག་སྤྲད་མ་སོང་། གང་ལྟར་དེ་འདྲ་བྱས་ནས་རོང་ཤར་ལ་སླེབས་སོང་། དེའི་སྐབས། སྤྱི་ཟླ་༡༢་ཚེས་༡་-༢་སླེབས་བསྡད་འདུག གནམ་གཤིས་ཧ་ཅང་གྲང་མོ་འདུག རོང་ཤར་ལ་གལ་སྲིད་གངས་བརྒྱབ་མེད་ན་ཆུ་ཚོད་གཅིག་གཉིས་ཀྱི་ནང་དུ་ལ་མོ་རྒྱག་ཐུབ་ས་རེད། འོན་ཀྱང་། རོང་ཤར་་ལ་གངས་ཐུག་དྲག་པ་དང་གནམ་གཤིས་གྲང་དྲག་པའི་རྐྱེན་གྱིས་ལ་མོ་བརྒལ་བར་ཉིན་མཚན་གསུམ་འགོར་སོང་། དང་པོ་ལ་མོ་རྒྱག་སྐབས་ཁ་བ་མཐུག་པོ་དེ་འདྲ་མི་འདུག དེའི་སྐབས། ངའི་སྤུན་མཆེད་ཆུང་བ་ལོ་བརྒྱད་པ་དེ་དང་པོ་ཧུར་པོ་ཞེ་དྲག་འདུག སྔོན་ལ་ཤོར་འགྲོ་ཡི་འདུག དེ་ནས་རིམ་བཞིན་དཀའ་ལས་ཁག་ནས་འགྲོ་མི་ཐུབ་པ་ཆགས་ནས། ངའི་རྒྱབ་ལ་ཁུར་ནས་ཡོང་བ་ཡིན། དེ་ནས་སོང་སོང་རྗེས་སྤུན་ཆུང་གིས་ཅོ་ཅོ་ང་གྲོད་ཁོག་ལྟོགས་ཀྱི་འདུག་ཟེར། འོན་ཀྱང་། དེའི་སྐབས། ཁོར་ཁ་ལག་སྤྲོད་རྒྱུ་མེད། དེ་ནས་མཐུག་ཏུ་མཐུག་ཏུ་རེད་འདུག ལ་མོ་དེའི་སྐེད་པ་སླེབས་དུས་གངས་མཐུག་པོ་ཞེ་དྲག་ཆགས་ཚར་འདུག ཕལ་ཆེར་གཟུགས་པོ་ཕྱེད་ཀ་གངས་ནང་དུ་འཛུལ་འགྲོ་ཡི་འདུག རྐང་པ་གཅིག་གངས་ནང་མར་འཛུལ་ནས་ཡང་བསྐྱར་ཡར་བཀྱག་སྐབས། ལག་པས་རྐང་མ་ཡར་འགྱོག་དགོས་འདུག ང་ཚོར་དཀའ་ངལ་ཧ་ཅང་འཕྲད་སོང་། ང་ཚོའི་མཉམ་དུ་རྒས་ཁོག་དགུང་ལོ་༨༥-༨༦ ཞིག་ཡོད་རེད། ང་ཚོ་མང་ཆེ་བ་ནི་བྱིས་པ་རྐྱང་རེད། ཉིན་མཚན་གསུམ་ལ་ཁ་ལག་རེག་དུས། སྐབས་ཤིག་ལ་ང་ཚོ་གངས་དཀྱིལ་དུ་ཡར་ལངས་ནས་གཉིད་ཤོར་འདུག གཅིག་གིས་གཅིག་བཟུང་ནས་གཉིད་ཁུག་ནས་བསྡད་པ་རེད།
ཉིན་མཚན་གསུམ་ལ་གངས་དཀྱིལ་དུ་ལྷག་པ་རེད། དེའི་སྐབས་སུ། ངའི་ལག་པ་གཡས་པ་འཕྲོ་བརླག་ཕྱིན་འདུག ལག་པ་གཡོན་པས་སྤུན་མཆེད་ཆུང་བ་བཟུང་ནས་ཡོད། ལག་པ་གཡས་པ་གངས་ནང་དུ་ཤོར་འདུག དེ་ནས་ང་ཚོས་སྐེད་རག་གི་གཅིག་གིས་གཅིག་ལ་འཐེན་རོགས་བྱས་ནས་གངས་ནས་ཐར་ཙམ་བྱུང་སོང་། ང་ཚོའི་མཉམ་དུ་འབྲས་སྤུངས་དགོན་པ་ནས་ཡིན་པའི་གྲྭ་པ་གཉིས་ཡོད། ཁོ་གཉིས་མདུན་ལ་འགྲོ་བཞིན་པའི་སྐབས་སུ་གངས་ཐུག་པོ་ཡོད་ས་དུང་ནང་དུ་ཟགས་ནས་མཐོང་རྒྱུ་མེད་པར་ཆགས་སོང་། ང་ཚོས་ཡར་མར་མང་པོ་བཙལ་ཀྱང་རྙེད་མ་སོང་། དེ་ནས་ང་ཚོ་དེར་ཡུད་རིང་པོ་བསྡད་རྒྱུ་ཡོད་མ་རེད། རྒྱ་མིའི་ཉེན་རྟོག་པས་མཐོང་གི་རེད་ཟེར་ནས་ཁོ་ཚོ་གཡུག་ནས་མ་འགྲོ་རང་འགྲོ་ཆགས་སོང་། དེའི་སྐབས། ངའི་སྤུན་མཆེད་ཆུང་བ་ཕལ་ཆེན་དབུག་ཆད་གྲབས་ཆད་གྲབས་བྱེད་ཀྱི་འདུག ཡིན་ནའང་། ངས་ང་ཚོ་རི་དེའི་ཕར་བརྒལ་སོང་ན། ཁ་ལག་སྤྲད་ན་གལ་ཡོད་རྒྱུ་མ་རེད་བསམས་སོང་། དེ་ནས་ངས་ཁོ་སྒད་པར་འཁྱེར་ནས་ཕྱིན་པ་ཡིན། མཐའ་མ་དེར། ང་ཚོ་རོང་ཤ་ལ་མོ་བརྒལ་སོང་། དེ་ནས་ས་ཆ་སྐྱིད་པོ་ཞིག་ལ་སླེབས་སོང་། སྤང་དང་ཤིང་ནགས་ཡོད་སར་སླེབས་སོང་། དེར་ངལ་གསོ་བརྒྱབ་ཡིན། དེའི་སྐབས། སྤུན་ཆུང་འཁྱགས་ནས་འདར་སིག་རྒྱག་བཞིན་འདུག པགས་ཚགས་གྱོན་ཡོད་རྒྱུ་དང་ཉལ་གོས་ཐུག་པོ་ཚང་མ་ཁོ་ལ་གཡོགས་ཡིན། ངའི་སྤུན་མཆེད་གཞན་པ་དེ་ཁོ་ལ་ལྟ་བཅུག་བཞག་པ་ཡིན། དེ་ནས་ང་ཤིང་ནགས་ནང་དུ་ཁ་ལག་བཙལ་བ་ཕྱིན། མི་མེད་ལུང་སྟོང་རེད་ཅི་ཡང་རེག་རྒྱུ་མི་འདུག དེ་ནས་ང་ཚོས་འཁྱེར་ཡོད་པའི་ཧ་ཡང(སྣོད་ཆས)ནང་དུ་ཁ་བ་བླུགས་ནས་ཡར་ཁོལ་བཅུག་ནས་རྩམ་པ་ཏོག་ཙམ་དང་ཤིང་གི་ལོ་མ་ཏོག་ཙམ་བླུགས་ནས་སྐོལ་པ་ཡིན། དེ་ནས་ངས་རྩམ་ཐུག་དེ་སྤུན་ཆུང་ལ་སྤྲོད་པ་ཕྱིན་ཡིན། འོན་ཀྱང་། དེའི་སྐབས་སུ། ཁོ་འགུལ་བསྐྱོད་རྒྱག་གི་མི་འདུག ཁོ་གྲོངས་ཚར་པ་འདྲ། དེ་ནས་ང་ཚོ་ནང་ན་བླ་རྒན་སྨན་པ་ཞིག་འདུག ཁོང་གིས་སྤུན་ཆུང་གི་རྩ་ལ་བརྟག་དཔྱད་བྱས་སོང། ཁོས་ད་ཐབས་ཤེས་མི་འདུག ཁོ་གྲོངས་ཚར་འདུག་ཟེར། དེ་ནས་ངས་གང་བྱེད་དགོས་ཤེས་ཀྱི་མི་འདུག སྤུན་ཆུང་ལ་འཐམས་ནས་ངུ་ཡིན། སྤུན་ཆུང་གཞན་གཉིས་ཀའང་ཁོར་འཐམས་ནས་ངུ་སོང་། ང་ཚོའི་སྤུན་མཆེད་བུ་མོ་ཕར་ཕྱོགས་སུ་དྲན་པ་ཐོར་ནས་བརྒྱལ་སོང་། སྨན་པ་དེས་སྤུན་མཆེད་བུ་མོར་ཁ་ནང་དུ་སྨན་བླུགས་པ་དང་ཐབས་ཤེས་འདྲ་མིན་བཏང་ནས་དྲན་པ་གསོ་ཐུབ་སོང་། དེ་ནས་ང་ཚོས་སྤུན་ཆུང་གྲོངས་པ་དེ་རོང་ཤར་རིའི་གངས་ཡར་སློག་ནས་དེའི་ནང་དུ་སྦས་བཞག་པ་ཡིན། གཞན་ཐབས་ཤེས་གང་ཡང་མི་འདུག ཁོའི་ཕུང་པོ་རྒྱ་གར་ལ་འཁྱེར་ཐུབ་ཀྱི་མི་འདུག ངའི་ལག་པ་རྡོ་ནང་བཞིན་ཆགས་ཚར་འདུག ངའི་ལག་པ་གཡས་པ་འགུལ་ལྕོག་གཏོང་རྒྱུ་མི་འདུག
དེ་ནས་སླར་ཡང་རི་གཅིག་བརྒལ་ན་བལ་ཡུལ་དུ་སླེབས་རེད་ཟེར། ང་ཚོར་ཡོད་པའི་ཅ་ལག་རྣམས་ང་དང་ངའི་སྤུན་མཆེད་གཉིས་ཀྱིས་འཁྱེར་ནས་ཡོང་བ་ཡིན། བལ་ཡུལ་ས་མཚམས་ལ་སླེབས་སྐབས། ཉིན་གུང་ཤིང་ནགས་གསེབ་ལ་གབ་ནས་སྡོད་སྐབས་བལ་ཡུལ་མི་ཁ་ཤས་ལ་ཐུག་སོང་། ཁོ་ཚོས་ང་ཚོ་བལ་ཡུལ་ཉེན་རྟོག་པ་ལ་རྩིས་མི་ཡོང་བསམས་ནས་ཁོ་ཚོར་ཁ་བདེ་བདེ་དང་ངོ་ཡག་ཡག་བྱས་ཡིན། འོན་ཀྱང་། ཁོ་ཚོས་ང་ཚོ་བལ་ཡུལ་ཉེན་རྟོག་པར་སྤྲད་ཡོད་ས་རེད། ང་ཚོ་དགོང་མོ་ས་མཚམས་ཀྱི་ཟམ་པ་བརྒལ་གྲབས་ཡོད་དུས། བལ་ཡུལ་གྱི་ཉེན་རྟོག་པས་ང་ཚོ་མཐའ་སྐོར་ནས་འཛིན་བཟུང་བྱས་སོང་། དེའི་སྐབས། ང་ཚོ་ཁམས་པ་ཕོ་གསར་ཁ་ཤས་ལ་དངུལ་གྲི་དེ་འདྲ་ཡོད། གལ་སྲིད་ཉེན་རྟོག་པས་འཕྲོག་སོང་ན་རེག་གི་མ་རེད་ཟེར་ནས། ཁོ་ཚོ་དེའི་སྔོན་ནས་ཅ་དངོས་ཡག་པོ་ཡོད་རྒྱུ་དེ་ཚོ་ཁོ་གཉིས་ལག་པར་བཞག་ནས་གལ་སྲིད་ང་ཚོ་ཉེན་རྟོག་པས་འཛིན་བཟུང་བྱས་པ་ཡིན་ན། ཅ་ལག་དེ་ཚོ་འཁྱེར་ནས་བྲོས་རྒྱུའི་འཆར་གཞི་ཡོད་པ་འདྲ། ང་ཚོ་འཛིན་བཟུང་བྱེད་སྐབས། ཁོ་གཉིས་ཏག་ཏག་བྲོས་ཐར་བ་རེད། དང་ཐོག་ངས་དེ་འདྲ་འཆར་གཞི་ཡོད་པ་ཧ་གོ་མ་སོང་། དེའི་སྐབས། ངའི་ལག་པར་རྒྱ་མིའི་སྒོར་མོ་བདུན་སྟོང་བརྒྱད་སྟོང་ཞིག་ཡོད། དེ་ནས་བལ་ཡུལ་ཉེན་རྟོག་པས་ང་ཚོ་བལ་ཡུལ་གྱི་ཉེན་རྟོག་ཁང་ཡིན་པ་འདྲ། སྒོ་ར་ཆེན་པོ་ཞིག་གི་ནང་དུ་བཞག་ནས་མི་རེར་བསྔོག་གཤེར་བྱས་སོང་། ངས་རྒྱ་སྒོར་སུམ་སྟོང་ཞིག་རྩམ་པ་རྫིག་ནས་དེའི་དཀྱིལ་ལ་བླུགས་ནས་སྤུན་མཆེད་བུ་མོར་སྤྲད་ནས་ག་ལེར་ཟ་ལབ་ཡིན། དེ་ནས་རྒྱ་སྒོར་ཁག་ཅིག་མོའི་སྐྲ་གསེབ་ལ་བླུགས་ཡིན། རྒྱ་སྒོར་ཁ་ཤས་ཉེན་རྟོག་པས་ཨ་རག་འཐུང་ཚར་ཤེལ་དུམ་ནང་དུ་སྦས་ཡིན། སྤུན་ཆུང་བུ་མོ་སྐྲ་གསེབ་ཀྱི་སྒོར་མོ་ཁོ་ཚོས་འཁྱེར་ཚར་འདུག རྩམ་པ་ནང་དུ་ཡོད་པའི་རྒྱ་སྒོར་ཁོ་ཚོས་རྙེད་མི་འདུག དེ་ནས་ང་ཚོ་བཏང་སོང་། ཤེལ་དུམ་ནང་དུ་ཡོད་པའི་རྒྱ་སྒོར་འཁྱེར་རྒྱུ་དྲན་པ་བརྗེད་འདུག དེ་ནས་ང་ཚོ་གློད་སོང་། བལ་ཡུལ་སྣེ་ལེན་ཁང་དུ་སླེབས་པར་ད་དུང་རི་གཅིག་བརྒལ་དགོས་འདུག ང་ཚོ་ཡང་བསྐྱར་བལ་ཡུལ་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་ནས། དེར་ཉིན་ཉིས་གསུམ་བཀག་སོང་། དེ་ནས་ཁྱོད་ཚོ་བསྐྱལ་གྱི་ཡིན་ཟེར། འོན་ཀྱང་། ང་ཚོ་ཉེན་རྟོག་པ་ཚོས་གང་དུ་བསྐྱལ་རྒྱུ་ཡིན་པ་ཧ་གོ་ཡི་མི་འདུག
ཉིན་གསུམ་གྱི་རྗེས་སུ། ཉེན་རྟོག་པ་ཚོས་ཁོ་ཚོའི་མོ་ཊ་ཆེན་པོ་ཞིག་ཡོང་ནས་ང་ཚོ་ཁྲིད་སོང་། ང་ཚོའི་ལམ་ཁྲིད་པས་བལ་ཡུལ་རྒྱལ་སར་འགྲོ་ཡི་ཡོད་མེད་དང་། རྒྱ་ནག་གི་ཕྱོགས་སུ་འགྲོ་ཡི་ཡོད་མེད་ཧ་གོ་ཡི་འདུག གལ་སྲིད་རྒྱ་ནག་གི་ཕྱོགས་ཁྲིད་འགྲོ་བ་ཡིན་ན་ཉེན་རྟོག་པ་མཉམ་དུ་འཛིང་རྒྱུ་མ་གཏོགས་ཐབས་ཤེས་གཞན་ཡོད་མ་རེད་ཟེར་ནས་ང་ཚོས་གྲི་བཏོན་ནས་བསྡད་བསྡད་ཡོད་རེད། སྟབས་ལེགས་ནས་བལ་ཡུལ་སྣེ་ལེན་ཁང་གི་ཕྱོགས་སུ་ཁྲིད་སོང་། འོན་ཀྱང་། སྣེ་ལས་ཁང་དུ་མ་འབྱོར་སྔོན་ལ་ཉེན་རྟོག་པ་གཞན་པ་ཞིག་ལ་རྩིས་སྤྲད་ནས་ང་ཚོ་ཡང་བསྐྱར་བཙོན་ཁང་ནང་དུ་བཅུག་སོང་། ཕྱི་ལོག་གང་ཡང་གཏོང་གི་མིན་འདུག ཞོགས་པ་གཅིན་པ་གཏོང་བར་ཐེངས་གཅིག་དང་དེ་ནས་ལུས་རྩལ་རྩེད་བར་ཐེངས་གཅིག་མ་གཏོགས་ཕྱིར་གཏོང་གི་མི་འདུག དེའི་སྐབས། ང་ཚོར་ཉེན་རྟོག་པ་དེ་ཚོས་ང་ཚོ་རྒྱ་མིར་རྩིས་སྤྲོད་མི་ཡོང་བསམས་ནས་ཧ་ཅང་ཞེད་སྣང་སྐྱེས་སོང་། དེ་ནས་ང་ཚོའི་རོགས་པས་བྱིས་པ་ཕྱིར་གཏོང་ནས་རོགས་པ་བྱེད་རོགས་ཞེས་གཏོང་དགོས་རེད། དེ་མ་གཏོགས་ང་ཚོ་རྒྱ་མིར་རྩིས་སྤྲོད་སྲིད་པ་རེད་ཟེར། དེ་ནས་ང་ཚོ་ལུས་རྩལ་རྩེད་ཡོད་མདོག་མདོག་བྱས་ནས་སྒོ་འགྲམ་ལ་ལངས་ནས་ཕྱིར་ལོག་ལ་ལྟ་སྐབས། བོད་པའི་ཨ་ཅ་གཉིས་འགྲོ་བཞིན་འདུག ཁོ་གཉིས་ཚུར་སྐད་བཏང་ནས་ང་ཚོ་བོད་ནང་ནས་སླེབས་པ་ཡིན། སྐུ་མཁྱེན་ང་ཚོ་རོགས་པ་བྱེད་རོགས་བྱོས། བོད་གཞུང་གིས་སྣེ་ལེན་ཁང་ལ་ང་ཚོ་སྐྱོབ་ཡོང་རོགས་ཞེས་ལབ་ཡིན། དེ་ནས་ཁོ་མོ་གཉིས་ཀྱིས་ཁས་ལེན་སོང་། ཁོ་མོ་གཉིས་ཀྱིས་ཕལ་ཆེར་བལ་ཡུལ་ནང་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ལ་ལེན་སྐྱེལ་པ་འདྲ། ཆུ་ཚོད་གཅིག་གི་རྗེས་ལ་མཉམ་འབྲེལ་ཚོགས་ཀྱི་ལས་བྱེད་རེད་ཟེར་ལས་བྱེད་བཞི་ལྔ་ཞིག་སླེབས་སོང་། ཉེན་རྟོག་པ་གཉིས་སླེབས་སོང་། བལ་པོ་ལས་བྱེད་གཉིས་སླེབས་སོང་། དེ་ནས་ཁོ་ཚོ་མང་པོ་ཞིག་བཤད་བཤད་པའི་མཐའ་མར་ང་ཚོ་མི་རེར་བལ་སྒོར་སྤྲད་ནས་ཉོས་པ་བཞིན་བྱས་ནས་ང་ཚོ་གློད་གྲོལ་ཐོབ་ནས་སྣེ་ལེན་ཁང་དུ་སླེབས་སོང་།
༥༽ ཁྱེད་རང་བཙན་བྱོལ་དུ་འབྱོར་རྗེས་ཀྱི་མི་ཚེའི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་གནང་རོགས།
དེའི་རྗེས། བལ་ཡུལ་སྣེ་ལས་ཁང་ནས་རྒྱ་གར་ལ་བཏང་པ་རེད། ང་ཚོ་སྤུན་མཆེད་ཚང་པ་མ་སུ་རུར་བཏང་སོང་། དེ་ནས་མ་སུ་རུ་སློབ་གྲྭར་སློབ་སྦྱོང་བྱས་པ་རེད། དེའི་སྐབས། ངའི་ལག་པ་ན་ནས་དཀའ་ངལ་འཕྲད་སོང་། སློབ་གྲྭའི་ངོས་ནས་སྨན་བཅོས་མང་པོ་ཞིག་བྱས་ཡོད་རུང་། ད་དུང་དྲག་བསྐྱེད་ཡག་པོ་བྱུང་ཐུབ་མི་འདུག མ་སུ་རི་སློབ་གྲྭར་འཛིན་གྲྭ་བཅུ་པ་སློབ་མཐར་ཕྱིན་རྗེས། ཝྭ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ལ་སློབ་སྦྱོང་བྱེད་པར་ཕྱིན་ཡིན། དེར་ལོ་བདུན་སློབ་སྦྱོང་བྱས་ནས་ཨ་ཅྭརྱ་སློབ་མཐར་་ཕྱིན་པ་ཡིན། དེ་ནས་ལོ་དྲུག་ལྷག་གི་རིང་དགེ་རྒན་གྱི་ལས་ཀ་བྱས་པ་ཡིན། ད་ལྟར་ས་ར་མཐོ་སློབ་ལ་དགེ་རྒན་་འོས་སྦྱོང་བྱེད་བཞིན་ཡོད། ང་ཚོ་མ་སུ་རི་སློབ་གྲྭར་ཡོད་སྐབས། སློབ་གྲྭ་མ་གཏོགས་ང་ཚོར་ལྟ་སྐྱོང་བྱེད་མཁན་མེད་ཙང། དགུན་ཁ་གུང་སེང་སྐབས་སུ་ངས་རྡོ་རྗེ་གདན་ལ་ཇ་དང་དང་བག་ལེབ་བཙོང་བ་སོགས་བྱས་ནས་ཚོང་བརྒྱབ་རྗེས། དེ་ལས་རེག་པའི་དངུལ་གྱིས་སྤུན་ཆུང་བཞི་ལ་ལྷམ་གསར་པ་དང་གྱོན་གོས་གསར་པ་ཉོས་ཡིན། དེའི་སྐབས་སུ། ལག་པ་ན་ནས་དཀའ་ལས་མང་ཤོས་འཕྲད་སོང་། ས་ཆ་གསར་བ་རེར་བརྗེས་སྐབས་ལག་པ་ན་འགོ་བརྩམས་ཀྱི་འདུག
༦༽ ད་ལྟ་ཁྱེད་རང་གི་གཟུགས་གཞི་དང་འཚོ་བ་སོགས་ཀྱི་གནས་སྟངས་གང་འདྲ་འདུག་གམ།
ད་ལྟར་སྭ་ར་མཐོ་སློབ་ལ་དགེ་རྒན་འོས་སྦྱོང་བྱེད་བཞིན་ཡོད། ངའི་འཚོ་བའི་ནང་ནས་ལག་པ་ན་རྒྱུ་དེ་དཀའ་ངལ་ཆེ་ཤོས་རེད། སྨན་བཅོས་ཀྱང་འགྲོ་སོང་ཆེན་པོ་རེད། རང་ཉིད་ཀྱིས་དཀའ་ལས་བརྒྱབ་ནས་བསགས་པའི་དངུལ་གྱི་སྨན་བཅོས་བྱེད་ཀྱི་ཡོད། ད་བར་བོད་སྨན་དང་རྒྱ་སྨན་སོགས་བརྟེན་ནས་འགྲོ་སོང་ཧ་ཅང་མང་པོ་འགྲོ་སོང་། ༢༠༡༨་ལོ་ནས་༢༠༡༩་ལོར་ངས་ཅན་ཌི་གྷར་ལ་སྨན་བཅོས་བྱས་པ་ཡིན་བསྡོམས་ནས་འབུམ་གསུམ་ཕྱིན་སོང་། ངས་གཞུང་དང་སྒེར་ཚོགས་པ་མང་པོར་རོགས་དངུལ་ཡོང་བར་རེ་བ་ཞུས་པ་ཡིན། འོན་ཀྱང་། ཁོ་ཚོས་བྱེད་དགོས་བྱེད་དགོས་མ་གཏོགས། དངོས་སུ་རོགས་པ་ད་བར་བྱེད་མ་སོང་། མཚམས་མཚམས་ལ་སྦི་རི་གཡས་གཡོན་ལ་སློང་མོ་རྒྱག་དགོས་བྱུང་ནའང་བརྒྱབ་ཡིན། ཕྱི་རྒྱལ་ཁག་ཏུ་ཕ་ཡུལ་གཅིག་པ་ཚོར་སློང་བརྒྱབ་ནས་ཏོག་ཙམ་རེག་པ་མ་གཏོགས། གཞན་ཚང་མ་རང་ཉིད་ཀྱིས་དཀའ་ལས་བརྒྱབ་སྟེ་དངུལ་བསགས་ནས་སྨན་བཅོས་འགྲོ་སོང་བཏང་བ་ཡིན།
༧༽ གོང་གསལ་དྲི་བ་རྣམས་ཀྱི་ནང་དུ་མ་བསྡུས་པའི་དམིགས་བསལ་གནས་ཚུལ་འདྲ་གསུང་རྒྱུ་ཡོད་དམ།
བོད་ནང་ནས་སླེབས་པའི་བོད་པ་ཚོར་རོགས་པ་བྱེད་རོགས་ལབ་རྒྱུ་ཡིན། སྤྱིར་སློབ་སྦྱོང་ཐོག་༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་དཀའ་ངལ་དེ་ཙམ་མེད་པ་རེད། ད་དུང་བོད་ནས་སླེབས་པའི་བོད་ཕྲུག་སློབ་ཡོན་གྱི་དཀའ་ངལ་འཕྲད་བཞིན་པ་མང་པོ་ཡོད་རེད། ཁོ་ཚོར་རོགས་པ་བྱེད་ཐུབ་ན་ཡག་པོ་འདུག་བསམ་གྱི་འདུག ངས་ངོ་ཤེས་པ་མཐོ་སློབ་སློབ་མ་དེ་འདྲ་སློབ་ཡོན་གསོག་ཆེད་ལས་ཀ་བྱས་ནས་མཐོ་སློབ་ལོ་ཁ་ཤས་ཕར་བཞག་འདུག མི་སྒེར་དང་ཚོགས་སྡེ་ཁག་གང་ཡིན་རུང་དཀའ་ངལ་འཕྲད་བཞིན་པའི་བོད་མི་རྣམས་ལ་རོགས་པ་བྱེད་ཐུབ་ན་ཡག་པོ་འདུག སྤྱི་བཏང་། ཚོགས་སྡེ་རོགས་པ་བྱེད་མཁན་མང་པོ་འདུག་སྟེ། ཆ་ཚང་བ་ཞིག་རོགས་པ་བྱེད་མི་ཐུབ་པའི་དཀའ་ངལ་འདུག ང་ཡིན་ཡང་། ཚོགས་སྡེ་ཁག་གི་རོགས་པ་བྱེད་དགོས་ཟེར་མཁན་མང་པོ་བྱུང་། འོན་ཀྱང་། ལག་ལེན་བསྟར་མཁན་ད་བར་བྱུང་མ་སོང་། ཕ་ཡུལ་གཅིག་པས་རོགས་པ་བྱས་པ་ལས་གཞན་བྱུང་མ་སོང་།