18
Thu, Apr

རེ་སྒུག་ནི་མི་ཞིག་གི་མི་ཚེའི་རེ་སྙེག་ཅིག་ཡིན།

Uncategorised
ཡིག་གཟུགས་སྒྲིག་ཆས།

རེ་འབྲས་རྙིད་པ། རེ་སྒུག་ནི་མི་ཞིག་གི་མི་ཚེའི་རེ་སྙེག་ཅིག་ཡིན་ལ། རེ་སྙེག་དེས་མི་དེར་བདེ་སྐྱིད་དང་སྡུག་བསྔལ་གང་ཞིག་ཁུར་ཡོང་མིན་ཆ་མ་འཚལ། མི་སུ་ཞིག་ཡིན་ཡང་རེ་བ་ནི་བརྩེ་དུང་དང་། དཔལ་འབྱོར། བདེ་སྐྱིད། སྤྲོ་སྣང་སོགས་ཡིན་ལ་མི་འདོད་པ་ནི་དེ་ལས་ལྡོག་ཕྱོགས་རྐྱང་རྐྱང་ཡིན།

ང་དང་ཁོ་མོ་ཁ་བྲལ་ནས་མི་ལོ་གསུམ་ལ་ཉེ་སོང་། དུས་ཡུན་དེའི་རིང་ཁ་པར་དང་འཕྲིན་ལམ་ནས་འབྲེལ་བ་ཡོད་པ་ནས་མེད་པར་གྱུར་བ་དང་། དེ་ནས་འཕྲིན་ཡིག་གི་འབྲེལ་བ་ཡོད་པ་ནས་མེད་པར་གྱུར་ཅིང་། འཕྲིན་ཡིག་གི་འབྲེལ་བ་ཙམ་ཡང་མེད་པར་གྱུར་ནས་མི་ལོ་གཅིག་ལྷག་ཙམ་ཕྱིན་སོང་། དེ་ནི་ལས་དབང་གི་ཐག་གཅོད་ཅིག་ཡིན་སྲིད་ལ། རྐྱེན་དབང་གི་འགྱུར་བ་ཞིག་ཀྱང་ཡིན་སྲིད། གང་ལྟར་ང་རང་ཉིད་ཀྱི་ངོས་ནས་ཁོ་མོར་ངོ་གནོང་དགོས་པའི་ལས་བྱ་ཅི་ཡང་བརྩམས་མེད། ཁོ་མོའི་ཐག་གཅོད་དེ་ཡང་ཁོ་མོའི་རང་དབང་ཁོ་ན་ཡིན་པས་ངས་དུས་དང་རྣམ་པ་ཀུན་ཏུ་བརྩི་འཇོག་ལོས་བྱེད། ལོ་ཟླ་དང་དུས་ཀྱི་བརྒྱུད་རིམ་ཆེས་རིང་མོ་ཞིག་ནས་འབུས་ཤིང་འཚར་བའི་ངེད་གཉིས་ཀྱི་བརྩེ་དུང་གི་མེ་ཏོག་དམར་པོ་དེ་འདི་ལྟར་རྙིད་སོང་། བརྩེ་དུང་གི་མེ་ཏོག་འདི་ནི་ངེད་གཉིས་ཀྱི་བརྩེ་དུང་གི་མེ་ཏོག་ངོ་མ་ཞིག་ཡིན་ལ། ཆེས་ཐོག་མའི་བརྩེ་དུང་གི་མེ་ཏོག་ལྟ་ན་སྡུག་པ་ཞིག་ཀྱང་ཡིན། ད་སྐབས་འཚར་སྡུག་ལྡན་པའི་མེ་ཏོག་མཛེས་སྡུག་གི་མེ་ཏོག་དེ་ཡོངས་སུ་རྙིད་ཟིན་པ་རེད་ལ། མ་འོངས་པའི་ལོ་ཟླ་རིང་མོའི་ནང་དུ་བརྩེ་དུང་གི་མེ་ཏོག་འདིའི་བཞད་ཁ་སླར་ཡང་ཕྱེ་མིན་ཡང་ཆ་མ་འཚལ། མཐའ་འཇུག་དེར་ངས་སྙིང་གི་དུང་སེམས་དང་ལྷན་དུ་ཁོ་མོར་བརྗོད་འདོད་པ་ནི། “ཁྱེད་རང་དེ་འདྲའི་འགྱུར་ལྡོག་ཆེ་བ་ལ། གང་ལྟར་ངས་སྙིང་ཁུང་རུས་པའི་གཏིང་ནས་ཁྱེད་ཀྱི་མི་ཚེ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ། བདག་ཀྱང་རང་གི་སྙིང་མཐུན་དགའ་མ་དང་ལྷན་དུ་འཚོ་བ་དགའ་སྤྲོའི་ངང་སྐྱེལ་རྒྱུའི་སྟ་གོན་བྱེད་བཞིན་ཡོད།”ཅེས་བརྗོད་འདོད་བྱུང་།

མཚམས་འདིར་བདག་གིས་ཁོ་མོར་བྲིས་པའི་འཕྲིན་ཡིག་ཅིག་གིས་དངོས་སྒྲུང་འདིའི་མཇུག་བསྡུ་རྒྱུ་ཡིན། “བདག་གི་སྙིང་ཉེ་བའི་མཛའ་མོ་ལགས། ཉིན་འདི་དག་གི་གནམ་གཤིས་ཀྱི་རྒྱུ་བ་ཧ་ཅང་རྒོད། མཚམས་རེར་ཚ་སྡུག་ཆེ་ཞིང་། ལན་རེར་གྲངས་ངར་རྒོད། ཉིན་འདི་དག་གི་རིང་ངས་རང་འཁྲིའི་ལས་དོན་དང་སློབ་སྦྱོང་ལ་བློ་ཁ་ཕྱོགས་ཏེ་ཁྱེད་ཀྱི་རེ་བ་བཞིནཕུགས་བསམ་ལ་མདུན་སྙེག་གི་སྐུལ་དེད་ཡང་ཡང་བྱས། འོན་ཀྱང་ངའི་ཡིད་སེམས་ཀྱི་རྒྱུ་བ་ནི་འདི་ཕྱོགས་ཀྱི་རྣམ་གཤིས་བཞིནམཚམས་རེར་སྐྱོ་གདུང་དང་། ལན་རེར་དྲན་གདུང་གིས་གཟིར་བས་ངས་དེ་རིང་གི་ལས་དོན་ཡོད་ཚད་བློས་བཏང་སྟེ་ངེད་གཉིས་ཀྱི་དྲོད་ཁོལ་ལྡན་པའི་བརྩེ་དུང་དེའི་སྐོར་ལ་ཕྱིར་དྲན་བྱས་པ་ཡིན། སྙིང་སྡུག་ལགས། ངས་ཁྱེད་རང་དྲན་གྱི་འདུག ངས་དངོས་གནས་ཁྱེད་རང་དྲན་གྱི་འདུག བཅོ་ལྔའི་ཟླ་བ་ལྟར་མཛེས་པའི་ཁྱེད་ཀྱི་ཞལ་རས་དང་། ཐོ་རེངས་སྐར་རྒྱན་དང་འདྲ་བའི་ཁྱེད་ཀྱི་སྤྱན་མིག ང་ཁྱེད་རང་ལ་དགའ་ཞེས་ཤུབ་བུར་བདག་གི་རྣ་ལམ་དུ་སྨྲ་བའི་ཁྱེད་ཀྱི་མཆུ་སྒྲོས། ཤིང་བལ་ལྟར་འཇམ་པའི་ཁྱེད་ཀྱི་སྐུ་ལུས་སོགས་ཧ་ཅང་དྲན་བྱུང་། ད་དུང་ངེད་གཉིས་ཕན་ཚུན་དམ་པོར་འཁྱུད་དེ་བཤད་པའི་རྫོགས་མཐའ་མེད་པའི་སྙིང་གཏམ་རྣམས་དྲན་བྱུང་། ངས་འདི་དག་དྲན་ཐེངས་རེར་ངེད་གཉིས་གཅིག་པོ་རང་དབང་ལྡན་པའི་ས་ཆ་ཞིག་ཏུ་སྦྲང་བརྩི་ལྟར་མངར་བའི་བརྩེ་དུང་དེར་རོལ་བཞིན་པའི་སྟོང་བསམ་སྒོམ་པ་ཡིན། ངས་ཁྱེད་ཀྱིས་གནང་བའི་དྲན་རྟེན་རྣམས་ལ་ཡང་ཡང་བལྟས་པ་ཡིན། སྐབས་དེར་ངས་ཁྱེད་ཀྱིས་བདག་ལ་དངོས་སུ་བཤད་པའི་ཆེས་མཐའ་མའི་སྐད་ཆ་དེ་དྲན་འོང་། “ངས་ཁྱེད་རང་གཏན་ནས་བརྗེད་མི་སྲིད”ངས་སྐད་ཆ་འདི་དྲན་ཐེངས་རེར་སྤྲོ་སྣང་འཕེལ་འོང་གི་འདུག སྙིང་སྡུག་ལགས། ང་ནམ་ཡང་ཁྱེད་ལ་དགའ།”

ཀློག་མཁན་ཚོ། དངོས་བྱུང་གི་སྒྲུང་རྩོམ་འདི་རེ་ཞིག་འདི་ལྟར་མཇུག་བསྡུས་པ་ཡིན། མ་འོངས་པའི་ལོ་ཟླའི་ནང་དུ་གལ་སྲིད་བརྩེ་དུང་གི་མེ་ཏོག་འདིར་འགྱུར་ལྡོག་གཞན་ཞིག་བྱུང་ན་སྐབས་དེར་ཞིབ་འབྲི་དང་མཇུག་མཐུད་བྱེད་ཆོག །།