བཙན་བྱོལ་གྱི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༥ ཟླ་༣ ཚེས་༡༠་ཉིན། བཞུགས་སྒར་རྡ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་༡༩༥༩ ལོའི་ཟླ་༣ ཚེས་༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་རྒྱ་དམར་བཙན་འཛུལ་ལ་ངོ་རྒོལ་བྱེད་ཆེད་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཐེངས་ ༦༦ པ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོ་སྲུང་བརྩི་ཞུས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ པའི་ཐོག བཞུགས་སྒར་རྡ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྲུང་བརྩིའི་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་ནི་སོ་ལོ་ཝ་ཀི་ཡའི་(Slovakia)སྲིད་འཛིན་ཟུར་པ་ཨན་ཌེར-ཀིས་ཀ་(Mr. Andrej Kiska )མཆོག་དང་། དམིགས་བསལ་སྐུ་མགྲོན་ཨི་སི་ཊོ་ནི་ཡའི་(Estonia) གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་སྣེ་ཁྲིད་པ་སྐུ་ཞབས་ཇུ་ཀུ་ཀེ་ལེ་རེཌ་(Mr. Juku-Kalle Raid) མཆོག གཞན་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་གཙོས་སྐུ་མགྲོན་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། རྡ་ས་ཁུལ་ཀྱི་སེར་སྐྱ་མི་མང་དང་སློབ་ཕྲུག་སོགས་བོད་མི་བརྒྱ་ཕྲག་འགའ་མཉམ་ཞུགས་གནང་འདུག

ཐོག་མར། ཚང་མ་སྐུ་བཞེངས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱ་གར་རྒྱལ་གླུ་བླངས་སོང་། དེ་ནས་བོད་དང་བོད་མིའི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་པ་ཕོ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། མྱ་ངན་གུས་འདུད་སླད་ངག་བཅད་སྐར་མ་གཅིག་རིང་ཞུས་རྗེས། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་གསུམ་བཅུའི་དྲན་གླུ་བླངས་སོང་།

དེ་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོག་སྦྱང་གནང་དོན། མི་ལོ་ ༦༦ གོང་གི་དེ་རིང་། བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་ཚོས། བོད་འབྱོར་རྒྱ་དམག་གི་རྩུབ་སྤྱོད་ལ་བཟོད་པའི་མཐའ་ཟད་དེ། ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་དགོས་བྱུང་བར་བརྟེན། རྒྱ་དམག་གི་དྲག་གནོན་འོག་བོད་མི་ཁྲི་ཕྲག་དུ་མའི་གཅེས་སྲོག་ཤོར་བ་དང་། བོད་མིའི་ཁྲིམས་མཐུན་གྱི་གཞུང་དགའ་ལྡན་ཕོ་བྲང་དང་དེའི་རྗེས་སུ་སྙེག་མཁན་བོད་མི་ཁྲི་བརྒྱད་ཙམ་བཙན་བྱོལ་དུ་གྱར་ནས། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་སྔར་བྱུང་མ་མྱོང་བའི་མུན་ནག་དང་། གཉན་འཕྲང་ཆེ་ཤོས་ཀྱི་དུས་སྐབས་ཤིག་ལ་གདོང་ལེན་བྱེད་དགོས་བྱུང་ཡོད་པས། དུས་དྲན་མཛད་སྒོ་འདི་བརྒྱུད་ནས་ལུས་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་བསྔོ་སྨོན་དང༌། རྒྱ་གཞུང་གི་བཙན་གནོན་མནར་གཅོད་ལའང་གཉའ་མི་ཞུམ་པའི་གཞིས་ལུས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད། ཅེས་དང་།

ཁོང་གིས་མུ་མཐུད་ནས་གསུང་དོན། འདས་པའི་མི་ལོ་ ༦༦ རིང་དང་། ལྷག་པར་དུ་ད་ལྟའི་རྒྱ་ནག་གི་དབང་འཛིན་པ་ཚོས་བོད་མི་རིགས་རྩ་མེད་གཏོང་རྒྱུའི་དམིགས་ཡུལ་སྦས་སྐུང་མེད་པར། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་ཟེར་བ་བསྒྲགས་ནས་བོད་མི་རིགས་ཀྱི་ངོ་བོ་འདོར་དུ་བཅུག་སྟེ། རྒྱ་རིགས་ཡིན་པའི་འདུ་ཤེས་བཙན་འགེལ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་ཟེར་ནས་བོད་མིའི་ཆོས་དད་རང་དབང་ཕྲོགས་ཏེ་དགོན་པ་སློབ་གྲྭ་ཅན་དུ་བཙན་བསྒྱུར། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཟེར་བར་བསྙད་དེ། སློབ་གྲྭ་དང་སྤྱི་ཚོགས་སྟེང་བོད་ཡིག་སློབ་གཉེར་དང་བཀོལ་སྤྱོད་ལ་ཕྱོགས་ཡོངས་ནས་འགོག་གནོན། བོད་ཀྱི་རི་ཀླུང་རྒྱན་རྩེད་ལྟར་གཏེར་ཁ་སྔོག་འདོན་དང་འཛུགས་སྐྲུན་རྣམ་གྲངས་འདྲ་མིན་གྱིས་ཁོར་ཡུག་གཏོར་སྐྱོན་གཏོང་བ་སོགས་ཀྱི་སྲིད་ཇུས་མངོན་སུམ་འཛེམས་མེད་ཀྱིས་ལག་ལེན་བསྟར་སྟངས་ལ་བལྟས་ན། རྒྱ་གཞུང་གི་དབང་འཛིན་པ་དེ་དག་གིས་བོད་དང་བོད་མིའི་ལས་དབང་ལ་ཉམས་ཚོད་འཇིགས་ཡེར་བ་ཞིག་ལེན་བཞིན་ཡོད་ནའང་། དེ་ནི་འགྲོ་བ་མིའི་ཐུན་མོང་རིན་ཐང་ལ་རྒྱབ་འགལ་དང་། སྤྱི་ཚོགས་འཕེལ་འགྲོས་ལ་རྒྱབ་ཀྱིས་ཕྱོགས་པའི་རང་གཞན་གཉིས་ཕུང་གི་ལས་ཡིན་པ་མི་འགྱངས་བར་ར་སྤྲོད་བྱེད་ངེས། ཞེས་སོགས་གསུངས་སོང་།

དེའི་རྗེས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱང་གནང་དོན། ད་བར་རྒྱ་གཞུང་གིས་བོད་ཐོག་མཁྲེགས་འཛིན་གྱིས་ལངས་ཕྱོགས་དང་སྲིད་བྱུས་ལག་བསྟར་བྱས་པ་དེ་དག་ལ་ཕྱི་ལོ་ ༡༩༨༧ དང་། ༡༩༨༨།༡༩༨༩ ལོ་སོ་སོའི་ནང་གདན་ས་གསུམ་གྱིས་གཙོས་དགེ་འདུན་པ་དང་བཙུན་མ་མི་མང་བཅས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་རིམ་པ་སྤེལ་ཅིང་། ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ནས་ས་བྱི་ཞི་རྒོལ་ཆེན་མོ། དེ་བཞིན་ཕྱི་ལོ་ ༢༠༠༩ ནས་ད་བར་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་བོད་ནང་བོད་མི་གྲངས་ ༡༥༧ ནས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་དགོས་བྱུང་ཡོད་ཀྱང་རྒྱ་གཞུང་གིས་བོད་ནང་རང་དབང་དང་བདེ་སྐྱིད་ཡོད་ལུགས་རྫུན་བཤད་ཁོ་ནས་རྒྱ་ནག་ནང་དང་རྒྱལ་སྤྱིའི་གཞུང་དང་མི་མང་རྣམས་ལ་བསླུ་བྲིད་ཀྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་དྲིལ་བསྒྲགས་ལོག་པ་སྤེལ་བཞིན་ཡོད། ཅེས་དང་།

བོད་བཙན་པོའི་རྒྱལ་བརྒྱུད་རིམ་པ་དང་། དེ་རྗེས་ས་སྐྱ་དང་། ཕག་གྲུ། རིན་སྤུངས། དགའ་ལྡན་ཕོ་བྲང་བཅས་ཀྱིས་བོད་ཀྱི་གཞུང་བསྐྱངས་ཤིང་། ད་ཆ་བོད་ཆོལ་གསུམ་གྱི་ཚབ་མཚོན་ཐུབ་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་མུ་མཐུད་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་དབང་ལྡན་འཛིན་སྐྱོང་གནང་བཞིན་ཡོད་པ་དང་། ལོ་རྒྱུས་ཐོག་ནས་བོད་རང་བཙན་གྱི་རྒྱལ་ཁབ་གཅིག་ཡིན་ཞིང་། ཕྱི་ལོའི་དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་ནས་རྒྱ་གཞུང་གིས་བོད་དེ་བཙན་བཟུང་བྱས་ཤིང་། ད་ཆ་རྒྱ་ནག་དམར་གཞུང་གིས་བོད་ས་ཁྱོན་ཡོངས་སུ་སྲིད་བྱུས་འཇམ་རྩུབ་སྣ་ཚོགས་ལག་བསྟར་བྱས་དང་བྱེད་བཞིན་པ་རྣམས་ཀྱིས་བོད་ཡུལ་རྒྱ་ཡུལ་ཅན་དུ་བསྒྱུར་བཞིན་པ་རྣམས་ལ་སེམས་འཚབ་ཧ་ཅང་ཆེ་ཞིང་། རྒྱ་གཞུང་ནས་གུ་ཡངས་དང་བསམ་ཤེས་ཡེ་ནས་མེད་པའི་མཁྲེགས་འཛིན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱས་ཚེ་བོད་རྒྱ་གཉིས་དབར་མཇུག་འབྲས་བཟང་པོ་མི་ཡོང་བར་ཚོད་དཔག་བྱེད་ཐུབ། ཅེས་དང་།

ཕྱི་ལོ་༢༠༢༥ ཟླ་ ༡ ཚེས་ ༧ ཉིན་བོད་ཀྱི་སྟོད་དིང་རི་ས་ཁུལ་གཙོས་ས་གནས་འགའ་ཤས་ལ་ས་ཡོམ་ཤུགས་ཚད་རིམ་པ་ ༧་༡ ཅན་ཞིག་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གོད་ཆགས་ཆེན་པོ་བྱུང་ཡོད་ཅིང་། འོན་ཀྱང་ཤིན་ཏུ་ཡིད་སྐྱོའི་གནས་ཚུལ་དེ་བྱུང་རྗེས་ང་ཚོས་ཤེས་རྟོགས་དགོས་པའི་གནད་དོན་གཉིས་ཏེ། གཅིག་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ས་ཡོངས་རྫོགས་བཙན་འཛུལ་ཧམ་བཟུང་བྱས་ཏེ། “བོད་ཞི་བས་བཅིངས་འགྲོལ་བཏང་ནས་གུང་ཁྲན་ཏང་གི་ཡང་དག་པའི་སྲིད་བྱུས་འོག་བོད་མི་རྣམས་གནམ་ས་བླ་འོག་ཏུ་གྱུར་ནས་བདེ་སྐྱིད་ལྡན་པའི་འཚོ་བ་ལ་རོལ་བཞིན་ཡོད་“ ཟེར་ནས་མི་ལོ་བདུན་ཅུ་ལྷག་འུད་སྒྲོགས་བྱས་ཀྱང་། བློ་གཟུ་བོར་གནས་ཏེ་བརྗོད་ན་ས་གནས་བོད་མི་ཚོའི་དུས་རྒྱུན་ནང་གི་འཚོ་རྟེན་ཇི་ཙམ་ཡོད་མེད་དང་། སྡོད་གནས་ཁང་པ་སོགས་ཕྱིའི་འཛུགས་བསྐྲུན་སྲ་བརྟན་ཇི་ཙམ་བྱས་ཡོད་མེད་དང་། ཉེ་འཁོར་དགོས་ངེས་ཀྱི་སྨན་ཁང་དང་སྨན་པའི་མཐུན་རྐྱེན་ཇི་ཙམ་ཡོད་མེད་ད་ལམ་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་དངོས་ཀྱི་གནས་ཚུལ་ལ་བལྟ་ཞིབ་བྱེད་སྐབས་ས་རིས་ཐང་གསལ་ཆགས་ཡོད།

བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་རྣམས་རྒྱ་ནག་གཞུང་གིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། རང་སྐྱོང་ཁུལ་ཟེར་བ་སོགས་དུམ་བུ་ཇི་ལྟར་ཁག་བགོས་བྱས་ཀྱང་། བོད་མཐོ་སྒང་དུ་སྔར་ནས་ད་བར་འཚོ་བའི་རྩམ་ཟན་གངས་ཅན་པ་རྣམས་གཞིས་བྱེས་གང་དུ་གནས་ཀྱང་། ཤ་རུས་གཅིག་གི་སྤུན་ཟླ་ཡིན་པ་བརྗེད་མེད་ལ། ལ་རྒྱ་དེ་བས་བོར་མེད་པ་ནི་ཐེངས་འདིའི་གོད་ཆགས་ཁྲོད་ནས་སླར་ཡང་ར་སྤྲོད་གསལ་པོ་བྱེད་ཐུབ་ཅིང་། དེ་ཡང་གཞིས་སུ་གནས་པའི་མདོ་དབུས་ཁམས་གསུམ་གྱི་བོད་མི་ཚོས་རང་རང་གི་འཁོས་བབ་ལ་གཞིགས་པའི་བློས་གཏོང་ཆེན་པོས་རྒྱུ་དངོས་པོའི་རོགས་རམ་དང་། བྱེས་སུ་བཞུགས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་དབུ་འཁྲིད་དེ་དགེ་འདུན་གྱི་སྡེ་རྣམས་དང་། བོད་མིའི་སྒྲིག་འཛུགས་དང་། སྤྱི་སྒེར་ཚོགས་སྡེ་རྣམས་ཀྱིས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་བསྒྲུབས་པ་སོགས་མདོ་དོན་ཆོལ་གསུམ་གཞིས་བྱེས་རྡོག་རྩ་གཅིག་བསྒྲིལ་གྱིས་མིག་དཔེ་བཟང་པོ་ཞིག་བསྐྲུན་ཐུབ་ཡོད། དེ་དག་ནི་ཆབ་སྲིད་དང་ཐད་ཀར་འབྲེལ་བ་མེད་ཀྱང་བོད་མི་རྣམས་ཀྱིས་ལྷག་བསམ་དང་། སེམས་ཤུགས། བློས་གཏོང་། ཆིག་སྒྲིལ་གྱིས་ནུས་པ་དེས་གཞིས་བྱེས་བོད་མི་ཡོངས་ལ་དགའ་སྤོབས་ཆེན་པོ་བྱུང་ཡོད། སྐབས་དེར་རྒྱལ་སྤྱིའི་ནང་འགོ་ཁྲིད་དང་བོད་དོན་རྒྱབ་སྐྱོར་བ་མང་པོས་བོད་ནང་ས་ཡོམ་གྱི་གོད་ཆགས་བྱུང་བར་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོའི་འཕྲིན་ཡིག་གནང་མཁན་བྱུང་བ་སོགས་ལ་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཚོགས་གཙོ་མཆོག་གིས་གསུངས་སོང་།

དེ་ནས་དམིགས་བསལ་སྐུ་མགྲོན་སྐུ་ཞབས་ཇུ་ཀུ་ཀེ་ལེ་རེཌ་མཆོག་གིས་གསུང་བཤད་གནང་དོན། ལོ་ངོ་ ༦༦ སྔོན་ལ་བོད་མི་ཚོས་རང་དབང་འཐབ་རྩོད་གནང་ནས་བོད་མི་ས་ཡ་ ༡.༢ ཙམ་རྒྱ་གཞུང་གིས་དམར་གསོད་བཏང་ཡོད་རེད། དོན་དངོས་ཐོག་ཨེ་སི་ཊོ་ནིའི་མི་འབོར་ཡོངས་བསྡོམས་ན་ས་ཡ་ ༡.༢ ཡིན། ང་ཚོར་ཆ་བཞག་ན་རྒྱ་ནག་དམར་ཤོག་གཞུང་གིས་ང་ཚོའི་རྒྱལ་ཁབ་ཀྱི་མི་ཚང་མ་བསད་པ་ནང་བཞིན་རེད། དེར་བརྟེན་ང་ཚོས་ཁྱེད་རང་ཚོས་གང་མྱོང་བཞིན་ཡོད་པ་དེ་ཧ་ཅང་ཤེས་ཀྱི་ཡོད། དམར་ཕྱོགས་གཞུང་གིས་རང་དབང་དང་དམངས་གཙོ་དགའ་མཁན་ཚང་མ་གསོད་ཐུབ་ཀྱི་མ་རེད། ཁོང་ཚོས་ཉིན་ལྟར་ནག་ཉེས་བསགས་ཡོད། དེ་ནི་དམར་ཤོག་དང་སྲིད་དབང་སྒེར་འཛིན་པ་ཚོས་བྱེད་བཞིན་པ་དེ་རེད། ངའི་རེ་བ་ལ་ལོ་རྗེས་མ་དང་ལོ་གསུམ་གྱི་རྗེས་སུ་འདིར་རང་དབང་ཅན་གྱི་འཛམ་གླིང་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་ཕེབས་རྒྱུ་ཡིན། ཁྱེད་ཚོ་གནས་སྟངས་ག་འདྲ་ཞིག་གིས་འོག་གནས་བཞིན་པ་དང་ཁྱེད་ཚོའི་འཐབ་རྩོད་ངོས་འཛིན་དང་། བོད་ངེས་པར་དུ་རང་དབང་དགོས་པ་ངོས་འཛིན་བྱེད་ཀྱི་རེད། ཅེས་སོགས་གསུངས་སོང་།

སྐུ་མགྲོན་གཙོ་བོ་ཨན་ཌེར-ཀིས་ཀ་མཆོག་གིས་གསུང་དོན། དེ་རིང་ངས་རང་ཉིད་བོད་དོན་འཐབ་རྩོད་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐོར་ལ་ཤེས་རྟོགས་ཇི་ལྟར་བྱུང་བའི་སྐོར་དྲན་གསོ་ཞིག་བྱེད་ཀྱི་ཡིན། ལོ་ངོ་༣༠་སྔོན་གྱི་ཐེངས་གཅིག་ང་དཔེ་མཛོད་ཆུ་ཆུང་ཞིག་གིས་ནང་དུ་ཕྱིན་པ་ཡིན། སྐབས་དེར་ངས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དཔེ་དེབ་ཅིག་ཀློག་པ་དང་དེའི་ནང་དོན་ང་ཧ་སངས་སོང་། ངས་ཀློག་འགོ་ཚུགས་པ་དང་། ངས་མི་ཚེའི་དམིགས་ཡུལ་ཇི་ལྟར་ཤེས་ཐུབ་པ་དང་དགྲ་བོ་ཆེ་ཤོས་དེ་ང་ཚོའི་སེམས་ཡིན་པ་དང་ང་ཚོའི་མི་ཚེ་ལ་གང་བྱེད་དགོས་མིན་ཤེས་ཐུབ་པ་བྱུང་སོང་། དེར་བརྟེན་ངས་དེ་དུས་༸གོང་ས་མཆོག་གི་དཔེ་དེབ་མང་པོ་སློབ་སྦྱོང་བྱས་པ་ཡིན། ངས་༸གོང་ས་མཆོག་གི་སྐོར་དང་། བོད་དང་དེའི་ལོ་རྒྱུས་དང་། རིག་གཞུང་། སྡུག་བསྔལ་བཅས་ཀྱི་སྐོར་སློབ་སྦྱོང་བྱས་པ་ཡིན། དེར་བརྟེན་ང་ལ་༸གོང་ས་མཆོག་གི་བཀའ་སློབ་གང་ཡིན་པ་དེ་ལེགས་པར་ཤེས་ཐུབ་པའི་གོ་སྐབས་ཐོབ་སོང་། ཞེས་དང་།

ཁོང་གིས་མུ་མཐུད་ནས་གསུང་དོན། ༸གོང་ས་མཆོག་གི་གང་གསུངས་པ་ལག་ལེན་ཡོང་ཆེད་ངས་ངའི་ཚོང་ལས་བཙོངས་ནས་སྐྲན་ནད་ཕོག་པའི་ཕྲུ་གུ་ཚོར་རོགས་རམ་བྱེད་པའི་ཁེ་ལས་མ་ཡིན་པའི་བྱམས་བརྩེའི་ཚོགས་པ་ཞིག་བཙུགས་པ་ཡིན། སྤྱི་ཚོགས་ལ་དེ་ལས་མང་བ་ཞབས་ཞུ་སྒྲུབ་ཆེད་ངས་སི་ལོ་ཝ་ཀའི་སྲིད་འཛིན་འོས་མིར་ལངས་༷་ཡིན། དེ་མ་ཟད་སྲིད་འཛིན་ཆགས་སོང་། ངས་མི་མང་པོ་ལ་རོགས་རམ་དང་ངའི་མི་དམངས་ལ་ཞབས་ཞུ་སྒྲུབ་ཐུབ་སོང་། དེ་ནས་ངས་༸གོང་ས་མཆོག་སི་ལོ་ཝ་ཀར་གདན་འདྲེན་ཞུས་པ་ཡིན། ཞེས་སོགས་གསུངས་རྗེས། ཁོང་གིས་བོད་དང་ཡུ་ཀེ་རེན་གཉིས་ལ་བྱུང་བའི་དྲག་པོའི་བཙན་འཛུལ་འདྲ་མཚུངས་སྐོར་འགྲེལ་བརྗོད་དང་འབྲེལ། ཡུ་རོབ་རྒྱལ་ཁབ་ཁག་ནས་བོད་དོན་ལ་རྒྱབ་སྐྱོར་དགོས་པའི་ནན་སྐུལ་གནང་བ་མ་ཟད། བོད་མི་གཞོན་སྐྱེས་ཚོས་སེམས་ཤུགས་ནམ་ཡང་ཆགས་རྒྱུ་མེད་པའི་སྐུལ་མ་གནང་སོང་།