ཕྱི་ལོ་༢༠༢༤ ཟླ་༨ ཚེས་༢༨ ཉིན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ལྡི་ལི་ནས་བཞུགས་སྒར་རྡ་སར་ཞབས་སོར་བདེ་བར་འཁོད་སོང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་གཙོས་པའི་རྡ་ས་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་རྒྱ་གར། རྒྱ་གར་ཆོས་ལུགས་འདྲ་མིན་དབུ་ཁྲིད་བཅས་ནས་༸གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་སོང་བ་མ་ཟད། བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་ཀུན་དང་སློབ་ཕྲུག་རྣམས་ཀྱིས་གནམ་ཐང་ནས་གཙུག་ལག་ཁང་བར་གྱི་ལམ་འགྲམ་ནས་ཕྲེང་བསྒྲིགས་ཏེ་ལག་ཏུ་ཁ་བཏགས་དང་མེ་ཏོག བདུགསྤོ་བཅས་འཁྱེར་ནས་དགའ་དད་སྤྲོ་གསུམ་གྱིས་དགའ་བའི་འཛུམ་དང་མིག་མཆུ་གཏོང་ཞོར་ནས་༸གོང་ས་མཆོག་ལ་བསུ་མ་ཞུས་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༨།༣༠་ཡས་མས་༸གོང་ས་མཆོག་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། དགོན་སྡེ་ཁག་གི་དགེ་འདུན་དང་བཙུན་མ། རྒྱ་གར་གྱི་ཆོས་ལུགས་ཧིན་རྡུ་དང་ཡེ་ཤུ། ཁ་ཆེ་བཅས་ཀྱི་དབུ་ཁྲིད་ཁག་ཅིག་གིས་ཕེབས་བསུ་གཟབ་རྒྱས་ཞུས་སོང་།
དེ་ནས་༸གོང་ས་མཆོག་གནམ་ཐང་ནས་བཞུགས་སྒར་གཙུག་ལག་ཁང་གི་བཞུགས་གནས་ཕེབས་སྐབས། ལམ་བར་དུ་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་ཀུན་དང་སློབ་ཕྲུག་རྣམས་ཀྱིས་ཕྲེང་བསྒྲིགས་ཏེ་ལག་ཏུ་ཁ་བཏགས་དང་མེ་ཏོག བདུགསྤོ་བཅས་འཁྱེར་ནས་དགའ་དད་སྤྲོ་གསུམ་གྱིས་བསུ་མ་ཞུས་སོང་། ཕོ་བྲང་གི་རྒྱལ་སྒོའི་ནང་བོད་མི་མང་སྤྱི་མཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། རྡ་སར་སྦྱོང་བརྡར་དུ་བཅར་བའི་ས་གནས་འགོ་འཛིན་རྣམ་པ་དང་སེར་སྐྱ་མི་མང་མང་པོས་དགའ་སྤྲོ་ངང་ནས་ཕེབས་བསུ་གཟབ་རྒྱས་ཞུས་སོང་།
དེ་ཡང་། ཕྱི་ལོ་༢༠༢༤ ཟླ་༨ ཚེས་༢༢ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བྱང་ཨ་རིར་གནས་སྡོད་བོད་མི་སྤྱི་དང་། ཨ་རིའི་ཆོ་འཕྲུལ་སྨོན་ལམ་ཚོགས་པས་གཙོས་དགེ་ལུགས་པའི་ཆོས་ཚོགས་ཁག སོག་རིགས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་བཅས་ཐུན་མོང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་ UBS Arena ཞེས་པའི་ཚོགས་ར་ཆེན་མོ་རུ་སེམས་བསྐྱེད་དང་། ཐུབ་པའི་མཚན་སྔགས། མ་ཎི་ཡིག་དྲུག་སོགས་གཟུངས་སྔགས་འགའ་ཞིག་གི་བཟླས་ལུང་བཀའ་དྲིན་སྩལ་བ་དང་། མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། སྐབས་དེར། བོད་རིགས་གཙོས་སོག་རིགས། ཧི་མ་ལ་ཡའི་རི་རྒྱུད་མི་མང། རྒྱ་རིགས། ཐའེ་ཝན། དད་ལྡན་ཆོས་ཞུ་བ་ཆིག་ཁྲི་བདུན་སྟོང་ཙམ་༸གོང་ས་མཆོག་གི་བཀའ་ཆོས་ཉན་དུ་ཕེབས་ཡོད་འདུག
ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༣ ཉིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུད་སིའི་གྲོང་ཁྱེར་ཛུ་རིག་ཏུ་ཆིབས་སྒྱུར་བསྐྱངས་ཏེ། ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༥ ཉིན་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་ཚེས་ Hallenstadion ཚོགས་ཁང་དུ་སུད་སི་བོད་རིགས་ཚོགས་པ་དང་བོད་མི་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་བོད་མི་དང་མི་མང་རྣམས་ལ་བཀའ་སློབ་གནང་ཡོད་འདུག
ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༦ ཉིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཛུ་རིག་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་གནང་ཡོད་ཅིང་། དེ་རིང་སྟེ་ཕྱི་ཚེས་༢༨ ཉིན་བཞུགས་སྒར་རྡ་རམ་ས་ལར་༸ཞབས་སོར་བདེ་བར་འཁོད་སོང་།