ཕྱི་ལོ་༢༠༢༤ ཟླ་༨ ཚེས་ ༢༤ ཉིན། བཞུགས་སྒར་རྡ་ས་ཉེ་འཁྲིས་སུ་ཡོད་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ། ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཚུགས་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་བའི་དུས་དྲན་སྲུང་བརྩི་དང་སྦྲགས། བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་རྩོམ་རིག་གཟེངས་རྟགས་ཕུལ་གནང་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཚོད་༡༠་ཡས་མས་ལ་ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ། མཐུན་ཚོགས་དེ་ཚུགས་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོ་ཤིག་ཚོགས་སོང་། མཛད་སྒོའི་ཐོག བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཟླ་བ་ཚེ་རིང་ལགས་གཙོས་བོད་མིའི་སྒྲིག་འཛུགས་དྲུང་ཆེ་དང་སྤྱི་འཐུས་ཁ་ཅིག་དེ་བཞིན་ས་རཱ་མཐོ་སློབ་ཀྱི་སློབ་མ་སོགས་ཕེབས་གནང་འདུག
ཐོག་མར། ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྱི་ཟུར་འབུམ་རམས་པ་བསོད་ནམས་རྒྱལ་མཚན་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སོང་། སྐབས་དེར་ཁོང་གིས་རྒྱལ་སྤྱིའི་པེན་རྩོམ་པ་པའི་མཐུན་ཚོགས་དབུ་བརྙེས་པའི་དགོས་དམིགས་དང་། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ད་བར་ནང་ཆོས་དང་རིག་གནས། སློབ་གསོ། རྩོམ་རིག་སོགས་དང་འབྲེལ་བའི་ཕྱག་དེབ་༡༤༠ ལྷག་བརྩམས་གནང་བར་བཀའ་དྲིན་རྗེས་དྲན་གྱི་རྩོམ་རིག་གཟེངས་རྟགས་ཕུལ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།
དེ་ནས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་པ་ཀླུ་མཚོ་སྐྱིད་ལགས་ནས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ངོ་སྤྲོད་གནང་རྗེས། སྲིད་སྐྱོང་མཆོག་དང་ཚོགས་གཙོ་རྣམ་གཉིས་ཀྱིས་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་རྩོམ་རིག་གཟེངས་རྟགས་ཕུལ་གནང་སོང་།
དེའི་རྗེས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་བཙུགས་དགོས་པའི་རྒྱུ་མཚན་གྱི་ཐོག་ནས་ཐོག་མར་ཀུན་སློང་གི་ས་བོན་འདེབས་མཁན་ནས་དུས་ད་ལྟ་བར་གྱི་རྒྱུན་ལས་རིམ་བྱོན་ཚང་མར་དེ་རིང་ལོ་ངོ་ ༢༥ འཁོར་བའི་དུས་དྲན་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། སྒེར་ངོས་ནས་འཚམས་འདྲི་ཞུ་རྒྱུ་དང་། ད་ལྟ་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་རྩོམ་སྒྲིག་གཟེངས་རྟགས་ཕུལ་བ་རེད། དེ་ཕུལ་བར་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། ང་ཚོས་ལོ་རྒྱུས་ལ་མར་བལྟས་པ་ཡིན་ན། རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས། མི་ཚེ་གཅིག་ལ་སྐྱེ་བ་གསུམ། ཞེས་པའི་ཕྱག་དེབ་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆེད་བརྗོད་ཞིག་སྩལ་ཡོད་པ་དེའི་ནང་། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་བོད་རང་དབང་ཡིན་པའི་སྐབས་སུ་ཡང་བོད་ཀྱི་སྤྱི་ཚོགས་ཀྱི་བྱ་གཞག་རེད། ཆོས་དང་རིག་གཞུང་རེད། རིག་གནས་འཕེལ་རྒྱས་ཀྱི་ཐོག་ལ་ཐུགས་ཞིབ་ཡོད་བསྡད་པ་དང་། དེ་བཞིན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་བཙན་འཛུལ་བྱས་པའི་སྐབས་བོད་ནང་དྲག་གནོན་བཅོས་བསྒྱུར་སོགས་ཆ་ཚང་ལོགས་ལ་ཐུགས་ཞིབ་མྱོང་བ་ཡོད་བསྡད་པ། བཙན་བྱོལ་ནང་སླེབས་ནས་ང་ཚོའི་རང་མི་རིགས་ཀྱི་རིག་གནས་གཅེས་ཉར་བྱེད་སྟངས་རེད། མང་གཙོའི་འཕེལ་རིམ་གྱི་བྱ་གཞག་གི་དཔང་པོ་ཙམ་མ་ཟད། དེའི་ནང་མཉམ་ཞུགས་ཀྱིས་སྐུ་ལས་བསྐྱོན་ཡོད་པའི་སྐོར་དང་། ད་ལྟ་ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོའི་ཐོག་ནས་གསུང་རྩོམ་ ༡༤༠ ལྷག་བརྩམས་ཡོད་པའི་སྐོར་གསུངས་པ་ལྟར་ཡིན་དུས། བོད་ཀྱི་རིག་གནས་ཐོག་ལ་ཧ་ཅང་གི་ཐུགས་ཁུར་བཞེས་ཡོད་པའི་ཆ་ནས། དེ་ལྟ་བུའི་གཟེངས་རྟགས་ཕུལ་བ་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། སྒེར་ངོས་ནས་ལེགས་སོའི་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ཞེས་དང་།
ཁོང་མོས་རྩོམ་པ་པོ་ཚོའི་བརྩམས་ཆོས་ཀྱིས་སྤྱི་ཚོགས་ནང་དུ་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་ཀྱི་ཡོད་པ་དང་མུ་མཐུད་ནས་རྩོམ་འབྲི་བའི་སྐུལ་མ་དང་བོད་ཕྲུག་ཚོས་ཆུང་དུས་ནས་དཔེ་ཀློག་གི་གོམས་གཤིས་འཇགས་ཐུབ་བྱེད་རྒྱུ་དང་རང་མི་རིགས་ཀྱི་རིག་གནས་དང་སྐད་ཡིག་ལ་དགའ་མོལ་ཡོང་ཐབས་འབད་བརྩོན་གནང་དགོས་པའི་སྐུལ་གནང་སོང་།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་དོན། དེ་རིང་པེན་རྩོམ་པ་པོ་མཐུན་ཚོགས་དབུས་ས་མཉམ་འབྲེལ་གྱི་ཐོག་ནས་བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་ངོས་འཛིན་དང་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་ཐུབ་པ་བྱུང་བ་དེ་ཡག་པོ་བྱུང་འདུག་ཅེས་ཞུ་རྒྱུ་དང་ཆབས་ཅིག ང་ཚོའི་སྤྱི་ཚོགས་ནང་ཕྱག་ལས་གནང་མཁན་ཡོང་གི་ཡོད་རེད། ཆེ་ཆུང་གང་ཡིན་ལ་མ་ལྟོས་པར་ཕྱག་ལས་གནང་མཁན་ལ་ངོས་འཛིན་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། ཕྱོགས་གཅིག་ནས་སྙན་གྲགས་འདྲ་པོ་ཡོང་སྲིད་ཀྱི་རེད་དེ། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་བ་ཡིན་ན། མིའི་སེམས་ལ་སྤྲོ་བ་ཞིག་སླེབས་ཐུབ་པ་ཡིན་ན། དེའི་ཤུགས་ཀྱི་ཐོག་ནས་སྤྱི་ཚོགས་ལ་ཕན་ཐོགས་ཤུགས་ཆེ་བ་དང་། ལྷག་བསམ་དང་སྙིང་སྟོབས་སྐྱེ་རྒྱུའི་རྒྱུ་ཆགས་ཀྱི་རེད། དེ་འདྲའི་རིགས་ངེས་པར་དུ་དགོས་རྒྱུ་ཞིག་རེད་འདུག དེ་ཡིན་དུས། བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་བརྩམས་ཆོས་དེ་ཚོར་བསམ་བློ་བཏང་བ་ཡིན་ན། ཏན་ཏན་མ་འདྲ་བ་ཞིག་དང་། ཐུགས་ཕན་གསོ་ཐུབ་ངེས་ཅན་ཞིག་ལ་ཡིད་ཆེས་དང་ངོས་འཛིན་བྱེད་ཀྱི་ཡོད། ཅེས་དང་།
ཚོགས་གཙོ་མཆོག་གིས་མུ་མཐུད་ནས་གསུང་དོན། གཞི་རྩའི་ང་ཚོ་བཙན་བྱོལ་དུ་ཕེབས་མཁན་བླ་མ་རིགས་གཅིག་གིས་ཐོག་ནས་ནུབ་ཕྱོགས་སུ་མཛད་འཕྲིན་བསྐྱངས་པ་དེ་འདྲ་བྱུང་ཡོད་རེད། ཡིན་ནའང་རིན་པོ་ཆེ་མཆོག་གིས་འདི་ནས་རྐང་འདྲ་པོ་ཞིག་བཙུགས། བོད་ནང་ཕར་འབྲེལ་བ་གནང་ནས་བོད་ནང་གི་དགོན་སྡེ་ཁག་དག་ཐེར་གནང་བ་མ་ཟད། དེང་དུས་དང་མཐུན་པའི་སློབ་སྦྱོང་གི་གནས་བབ་ཡོང་རྒྱུར་དམིགས་བསལ་ཞེ་པོ་ཞིག་གནང་འདུག་ལ། དེ་ཡང་ཧ་ཅང་གི་གལ་ཆེན་པོ་རེད་བསམ་གྱི་འདུག བོད་ཕྱི་ནང་གི་འབྲེལ་བ་འཛུགས་ཐུབ་པ་དེ་རིན་པོ་ཆེ་རྣམ་པ་ཆགས་བསྡད་ཀྱི་ཡོད་རེད། རྩ་བའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཡོད་དུས། བོད་ནང་གི་བོད་མི་བྱིངས་ཀྱི་ཐོག་ནས་དད་མོས་དང་དགའ་ཞེན་ཞིག་རང་བཞིན་གྱི་སླེབས་ཀྱི་ཡོད་རེད། འོན་ཀྱང་སོ་སོ་སོ་སོའི་ལུང་ཚན་ལ་བབ་ཡོང་དུས། དེ་ཚོའི་གྲས་གལ་ཆེན་པོ་ཞེ་པོ་ཆགས་བསྡད་ཀྱི་ཡོད་རེད། རིན་པོ་ཆེ་ལྟ་བུར་མཚོན་པ་ཡིན་ན། བོད་ནང་གི་ཀིརྟི་དགོན་པ་ཡན་ལག་དང་བཅས་པར་བཀའ་སློབ་ལམ་སྟོན་གནང་རྒྱུ་དང་། དེ་འདྲའི་འབྲེལ་བ་བཙུགས་ཐུབ་པ། དེ་བཞིན་དགུ་བཅུ་གོ་གྲངས་ནང་ཀིརྟི་བྱེས་པ་གྲྭ་ཚང་བཙུགས་ནས་བོད་ཀྱི་རིག་གནས་དང་། ནང་ཆོས་བཅས་ཀྱི་ཐོག་ལ་ཕྱག་ལས་འབུར་དུ་ཐོན་པ་གནང་ཡོད་རེད། ཅེས་དང་། བོད་ནང་གི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་མཚོན་པའི་རྩོམ་པ་པོ་སྙན་གྲགས་ཅན་མང་པོ་ཞིག་གི་མི་ཚེའི་བརྒྱུད་རིམ་ལ་དཀའ་ངལ་བྱུང་བ་ཡིན་དུས་ཁོང་རྣམ་པར་རང་དབང་ཡོང་ཐབས་ཆེད་དུ་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ནས་ཞུ་གཏུགས་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་གསུངས་སོང་།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་དོན། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་པོ་གཅིག་རིང་བོད་པའི་སྤྱི་ཚོགས་ལ་སྨན་པའི་བརྗོད་གཞིའི་སྣ་མང་ཐོག་ཕྱག་དེབ་ ༡༤༠ ལྷག་ལྗགས་རྩོམ་གནང་ཡོད་ལ། རིན་པོ་ཆེ་མཆོག་གིས་ཆབ་སྲིད་དང་། ལྷག་པར་བོད་ནང་གི་གནས་སྟངས་སྐོར་ཐུགས་ཁུར་ཆེ་བཞེས་ཀྱིས་ལམ་སྟོན་གནང་ཡོད། ཅེས་དང་། དེ་བཞིན་བོད་ནང་དུ་སློབ་གྲྭ་ཁག་སྒོ་བརྒྱབ་པ་སོགས་ཛ་དྲག་གི་གནས་སྟངས་འགྲེལ་བརྗོད་གནང་བ་དང་འབྲེལ་བཙན་བྱོལ་བོད་མི་རྣམས་ནས་བོད་ཀྱི་སྐད་ཡིག་དང་རིག་གནས་ཐོག་འགན་བཞེས་དགོས་ཅེས་གསུངས་པ་དང་སྦྲགས། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ད་བར་སྤྱི་བའི་དོན་དུ་སྐུ་ལས་བསྐྱོན་པར་ཐུགས་རྗེ་ཞུས་སོང་།
དེ་ནས་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། ད་བར་ངས་བརྩམས་ཡོད་པའི་རྩོམ་ཡིག་སྣ་ཁ་མང་པོ་ཞིག་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ལ་ཕན་ཐོགས་བྱུང་ཡོད་ས་རེད། དེ་རིང་གཟེངས་རྟགས་ཕུལ་བ་ཡང་དེར་ཆེ་མཐོང་གནང་བར་ཡིན་རྒྱུ་རེད་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡོད། རྒྱལ་སྤྱིའི་པེན་མཐུན་ཚོགས་ནས་བོད་ཀྱི་རྩོམ་པ་པོ་ཞིག་ལ་ཐུགས་སྣང་གནང་བར་བོད་ནང་དུ་ཡོད་པའི་རྩོམ་པ་པོ་དང་དཀའ་སྡུག་མྱོང་བཞིན་པའི་རྩོམ་པ་པོ་བཅས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཅེས་དང་།
དེ་ནས་ཁོང་གིས་རྩོམ་ཡིག་རིགས་མི་འདྲ་མང་པོ་ཡོད་པའི་ཁྲོད་ནས་བོད་སྤྱི་པའི་ལས་འགན་དང་འབྲེལ་ཡོད་ཀྱི་རྩོམ་ཡིག་སྐོར་ནས་གསུང་དོན། རང་ཉིད་བོད་མི་ཞིག་རེད་བོད་སྤྱི་པའི་ལས་འགན་འཁྱེར་བསྡད་ཡོད། དེར་བརྟེན། བོད་སྤྱི་པའི་ལས་དོན་དང་འབྲེལ་རྩོམ་ཡིག་ཁག་ཅིག་ཆགས་ཡོད། བོད་སྤྱི་པའི་ཆེད་དུ་ལས་དོན་གང་སྒྲུབ་དགོས་པའི་སྐོར་གྱི་རྩོམ་ཡིག་ཆགས་བསྡད་ཡོད། དེ་བཞིན་བརྩམས་ཆོས་དེ་དག་བོད་ནང་དུ་དཔར་བསྐྲུན་བྱས་པར་བརྟེན་ནས་རྒྱ་གཞུང་གིས་བོད་མི་དེ་ཚོ་འཛིན་བཟུང་བྱས་ཡོད། དེ་བཞིན་ངའི་བརྩམས་ཆོས་རྣམས་བོད་ནང་དཔར་བསྐྲུན་བྱེད་མི་ཆོག་པའི་བཙན་བཀའ་བཏང་བ་མ་ཟད་དཔར་བསྐྲུན་བྱེད་ཆེད་སྒོར་མོ་ཡང་རྒྱ་གཞུང་གིས་གཞུང་བཞེས་བྱས་ནས་དཀའ་ངལ་མང་པོ་ཞིག་འཕྲད་ཡོད། དེ་མཚུངས་ང་དང་འབྲེལ་ཡོད་ཀྱི་སློབ་གྲྭ་མང་པོ་ཞིག་སྒོ་བརྒྱབས་པ་རེད། དེ་ནི་ང་ཚོའི་དགོན་པ་ཁག་གི་དཀའ་ངལ་གཅིག་པོ་མ་རེད་འདི་ནི་བོད་སྤྱི་ལ་འཕྲད་པའི་དཀའ་ངལ་ཞིག་དང་བོད་བསྟན་པ་རྩ་མེད་བཟོ་བའི་རྒྱ་གཞུང་གི་སྲིད་བྱུས་ནག་པོ་ཞིག་རེད། ཅེས་དང་།
པེན་བོད་རྩོམ་པོ་མཐུན་ཚོགས་རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པའི་ངོས་ནས་བོད་ནང་གི་རྩོམ་པ་པོའི་གནས་སྟངས་ཡར་ཞུ་ཡོང་ཐབས་དང་ཁོང་རྣམ་པ་རང་དབང་ཐོབ་ཐབས་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་སོང་།
ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་དྲུང་ ཆེ་མགོ་ལོག་ལྕགས་མོ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སོང་།
ཉིན་རྒྱབ་ལ་རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ནས་ ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་རྩོམ་རིག་གཟེངས་རྟགས་ཕུལ་བའི་རྗེས་འབྲེལ་གྱི་མཁས་པའི་བགྲོ་གླེང་ཞེས་པའི་བགྲོ་གླེང་ཞིག་ཚོགས་ཡོད་ཅིང་། སྤྱི་ཟུར་འབུམ་རམས་པ་དགེ་བཤེས་བློ་བཟང་སྙན་གྲགས་མཆོག་གིས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གསུང་རྩོམ་ལས་བཅའ་ཡིག་བློ་གསལ་འཇུག་ངོགས་ཟུར་རྒྱན་དང་བཅས་པའི་སྐོར་དང་། སྤྱི་ཟུར་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་མཆོག་གིས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གསུང་རྩོམ་ལས་དགེ་ཆོས་ཀྱི་རབ་བྱེད་ཞབས་བཏགས་མས་གཙོས་རྒྱལ་རབས་ལོ་རྒྱུས་ཀྱི་སྐོར། སྤྱི་ཟུར་འབུམ་རམས་པ་བསོད་ནམས་རྒྱལ་མཚན་མཆོག་གིས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གསུང་རྩོམ་ལས། སློབ་དེབ་བློ་གསལ་མགུལ་རྒྱན་གྱི་སྐོར། བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་སྒྲིག་འགན་འཛིན་རྒན་ནཱ་ག་སངས་རྒྱས་བསྟན་དར་མཆོག་གིས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་ཀྱི་སྐད་ཡིག་ཐོག་དམིགས་བསལ་མཛད་འགན་ཇི་ལྟར་བཞེས་པའི་སྐོར། རིག་གནས་སློབ་དཔོན་ཆེན་མོ་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་པ་རེ་མདོ་མཆོག་གིས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གསུང་རྩོམ་སྤྱིའི་ནང་དོན་དང་ཁྱད་ཆོས་ངོ་སྤྲོད་གནང་ཡོད་འདུག