བོད་ཀྱི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༥ ཟླ་ ༡ ཚེས་ ༧ ཉིན་གྱི་སྔ་དྲོ་བོད་ནང་ཆུ་ཚོད་༩་དང་སྐར་མ་༥་ཡི་ཐོག གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དང་གཏིང་སྐྱེས་རྫོང་། ལྷ་རྩེ་རྫོང་། ས་སྐྱ་རྫོང་། ངམ་རིང་རྫོང་བཅས་ལ་ས་ཡོམ་འགུལ་ཚད་རིམ་པ་༧.༡ བརྒྱབ་ནས། བོད་མི༡༢༦་ཡི་ཚེ་སྲོག་འཕྲོག་ཡོད་པ་དང་བོད་མི་༡༨༨ ལྷག་ལ་རྨས་སྐྱོན་བྱུང་བའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་འདུག དེ་བཞིན་བོད་མིའི་ཁྱིམ་ཚང་༣༦༠༩་གཏོར་སྐྱོན་ཐེབས་ཡོད་འདུག ༸རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་གཙོས་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་གོ་ཆག་བྱུང་བའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་གནང་བཞིན་འདུག

དེ་ཡང་། ས་ཡོམ་འགུལ་ཚད་རིམ་པ་༧.༡ བྱུང་ཡུལ་དེ་ནི་དིང་རི་རྫོང་ཡིན་ཞིང་། དེའི་གཡས་གཡོན་དུ་ཡོད་པའི་གཏིང་སྐྱེས་རྫོང་། ལྷ་རྩེ་རྫོང་། ས་སྐྱ་རྫོང་། ངམ་རིང་རྫོང་བཅས་སུ་ཡང་བྱུང་ཡོད་འདུག རྒྱ་གཞུང་གིས་ས་ཡུམ་འགུལ་ཚད་ནི་༦.༨ ཁྱབ་བསྒྲགས་བྱས་ཡོད་ཀྱང་། ཨ་རི་ས་ཡུམ་བརྟག་དཔྱད་ཁང་གིས་ས་ཡུམ་འགུལ་ཚད་༧.༡ ཡིན་པར་བསྒྲགས་འདུག ས་འགུལ་དེ་ནི་ཉེ་བའི་ལོ་ལྔའི་ནང་ས་འགུལ་བྱུང་ས་ལྟེ་བ་དེའི་མཐའ་འཁོར་གྱི་སྤྱི་ལེ་༢༠༠ ཡི་ནང་བྱུང་བའི་ས་འགུལ་རིམ་པ་མཐོ་ཤོས་དེ་ཡིན་པ་རེད།

ད་ཐེངས་ཀྱི་ས་འགུལ་བྱུང་སའི་མཐའ་འཁོར་གྱི་སྤྱི་ལེ་༥ ཡི་ནང་ཐང་རི་གྲོང་ཚོ་དང་། གཞོལ་བྲོད་གྲོང་ཚོ། དགའ་རེ་སྒོར་སྐྱིད་གྲོང་ཚོ། སྨོན་ཏོག་གྲོང་ཚོ་སོགས་ཡོད་པ་དང་། སྤྱི་ལེ་༢༠ ཡི་ནང་མཚོ་སྒོ་ཤང་དང་ཆུ་ལྷོ་ཤང་སོགས་ཡོད་པ་རེད། ས་འགུལ་བྱུང་སའི་ལྟེ་བ་དེ་ནས་གཏིང་སྐྱེས་རྫོང་བར་སྤྱི་ལེ་༣༤ དང་། དིང་རི་རྫོང་བར་སྤྱི་ལེ་༣༦། ལྷ་རྩེ་རྫོང་བར་སྤྱི་ལེ་༦༧ ས་སྐྱ་རྫོང་བར་སྤྱི་ལེ་༧༡། ངམ་རིང་རྫོང་བར་སྤྱི་ལེ་༩༢། གཞིས་རྩེ་གྲོང་ཁྱེར་བར་སྤྱི་ལེ་༡༦༤། ལྷ་ས་གྲོང་ཁྱེར་བར་སྤྱི་ལེ་༣༧༩ བཅས་ཡོད་པ་རེད་འདུག

ད་དབར་ས་ཡུམ་འདིའི་ཁྲོད་ནས་བོད་མི༡༢༦་ཡི་ཚེ་སྲོག་ཤོར་ཡོད་པ་དང་བོད་མི་༡༨༨ ལྷག་ལ་རྨས་སྐྱོན་བྱུང་བའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་འདུག དེ་བཞིན་བོད་མིའི་ཁྱིམ་ཚང་༣༦༠༩་གཏོར་སྐྱོན་ཐེབས་ཡོད་འདུག དེར་བརྟེན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་གསུང་འཕྲིན་སྩལ་འདུག གསུང་འཕྲིན་དེའི་ནང་དུ། ད་ནངས་སྔ་དྲོ་དིང་རི་གཙོས་ས་གནས་ཁག་ཅིག་ཏུ་ས་འགུལ་བྱུང་བ་ལ་བརྟེན་ནས་ཤི་རྨས་དང་ཁང་ཁྱིམ་ལ་གཏོར་བཤིག་ཚབས་ཆེར་ཐེབས་པའི་གནས་ཚུལ་ཐོས་ཏེ་བློ་ཕམ་ཆེན་པོ་བྱུང་། རྐྱེན་འདས་སུ་སོང་བ་རྣམས་ལ་བསྔོ་སྨོན་དང་། རྨས་སྐྱོན་བྱུང་བ་རྣམས་གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡོད། ཅེས་བཀའ་ཕེབས་འདུག

གཞན་ཡང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོའི་གསུང་འཕྲིན་གནང་འདུག དེའི་ནང་དུ་བོད་ཀྱི་སྟོད་དིང་རི་ས་ཁུལ་གཙོས་ས་གནས་ཁག་འགའ་ཤས་ལ་ས་ཡོམ་ཤུགས་ཚད་རིམ་པ་ ༧.༡ བརྒྱབ་སྟེ་ད་ལྟའི་ཆར་མི་གྲངས་བརྒྱ་ཕྲག་བརྒལ་བ་རྐྱེན་འདས་དང་རྨས་སྐྱོན་ཕོག་པ། དེ་བཞིན་ཁང་ཁྱིམ་གཏོར་བཤིག་ཚབས་ཆེ་བྱུང་བ་དང་། དགུན་དུས་ཀྱི་གྲང་ངར་ཆེ་བའི་སྐབས་དེར་ཟས་གོས་གནས་མལ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་དུ་ཐོན་པར་ཡིད་སྐྱོ་བློ་ཕམ་ཚད་མེད་བྱུང་། རྐྱེན་འདས་སུ་གྱུར་བ་རྣམས་ལ་བོད་མིའི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་བསྔོ་སྨོན་མཛད་བཞིན་ཡོད་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྐྱེན་འདས་སུ་སོང་བ་རྣམས་འཕགས་མཆོག་འཇིག་རྟེན་མགོན་པོས་རྗེས་སུ་བཟུང་བའི་བསྔོ་སྨོན་སྐྱབས་ཞུ་དང་། རྗེས་ཤུལ་ནང་མི་རྣམས་ལ་ཐུགས་གསོ་ཞུ་བ་དང་སྦྲགས། རྨས་སྐྱོན་ཕོགས་པའི་རང་རིགས་རྣམས་ལ་སྨན་བཅོས་ཀྱི་མཐུན་རྐྱེན་ཡོང་ཐབས་དང་། དེ་དག་མགྱོགས་ནས་མྱུར་དུ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་མ་ཟད། སྡོད་ཁྱིམ་སོགས་ཀྱི་དཀའ་ངལ་ལས་གྲོལ་བའི་མཐུན་འགྱུར་ཡོང་བ་སྤྱི་སྒེར་ཡོངས་ལ་འབོད་སྐུལ་ཞུ་རྒྱུ་བཅས། ཞེས་བཀོད་འདུག

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཐུགས་གསོའི་གསུང་འཕྲིན་གནང་འདུག དེའི་ནང་དུ་བོད་ཀྱི་དིང་རི་ཁུལ་དུ་ཚད་རིམ་ ༦་༨ ཅན་གྱི་ས་ཡོམ་བརྒྱབ་སྟེ། དེ་རིང་ཕྱི་དྲོ་བར་མི་གྲངས་ ༩༥ ཙམ་ལ་འཆི་སྐྱོན་དང་། མི་གྲངས་ ༡༣༠ ཙམ་ལ་རྨས་སྐྱོན་ཕོག་པ་དང་། ཁང་ཁྱིམ་ཆིག་སྟོང་ལྷག་ལ་གཏོར་སྐྱོན་ཐེབས་པའི་གནས་ཚུལ་གོ་ཐོས་བྱུང་ཞིང་། ད་དུང་འཆི་རྨས་ཀྱི་གནས་ཚུལ་ཇི་ཆགས་ཆ་མ་འཚལ་ནའང་། འདས་གྲོངས་གྱུར་པ་རྣམས་ཀྱི་ཆེད་བསྔོ་སྨོན་དང་། རྨས་སྐྱོན་ཐེབས་པ་རྣམས་གང་མྱུར་དྲག་བསྐྱེད་ཡོང་སླད། སང་ཉིན་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ལས་ཡོངས་དང་། དྷ་སར་གནས་འཁོད་རང་རིགས་ཐུན་མོང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཚུགས་རྒྱུ་ཡིན། ཞེས་བཀོད་འདུག

གཞན་ཡང་། བཙན་བྱོལ་བོད་མི་སྤྱི་སྒེར་བཅས་ནས་གོ་ཆག་བྱུང་བའི་བོད་མི་རྣམས་ལ་སྤྱི་ཚོགས་དྲ་རྒྱའི་ཐོག་གདུང་སེམས་མཉམ་བསྐྱེད་ཤུགས་ཆེན་གནང་བཞིན་འདུག